czwartek, 20 grudnia 2018

(6) མདོ་འདུས་ལས། ལེའུ་དྲུག་པ། དུས་གསུམ་སྟོན་པ་ཇི་ལྟར་བྱུང་བ་བསྟན་པ།

།།དེ་ནས་སྟོན་པ་གཤེན་རབ་ལ། །རྒྱུད་འདྲེན་སྲས་ཀྱིས་ཞུས་པ་ནི། །ཨེ་མ་སྟོན་པ་དུས་གསུམ་མཁྱེན། །བསྐལ་པ་བཟང་པོ་ཡ་ཐོག་ལ། །མཚན་གྱི་བྱང་བུ་དང་པོ་དང་། །འབུམ་ཁྲིས་ལུང་བསྟན་དུས་གསུམ་[37]དུ། །བདེར་གཤེགས་རབ་དགུ་ཇི་ལྟར་བྱུང་། །ཐམས་ཅད་མཁྱེན་པ་ཡབ་གྱིས་གསུངས། །ཞེས་ཞུས་སྟོན་པས་བཀའ་བསྩལ་བ། །ཀྱེ་མ་རྒྱུད་འདྲེན་ལ་སོགས་འཁོར། །ཕུན་སུམ་ཚོགས་པས་རབ་ཏུ་ཉོན། །སངས་རྒྱས་སེམས་ཅན་དབྱེར་མེད་དེ། །སངས་རྒྱས་ཚོགས་བསགས་མ་འཁྲུལ་རྒྱས། །སེམས་ཅན་སྡིག་སྤྱོད་འཁྲུལ་པས་འཁོར། །ཐོག་མའི་སངས་རྒྱས་མངོན་སངས་རྒྱས། །རང་བྱུང་སངས་རྒྱས་དེར་སངས་རྒྱས། །དེ་ལ་སངས་རྒྱས་རབ་དགུ་བྱུང་། །ཚེ་ལོ་འབུམ་ཐུབ་དུས་ལ་ནི། །ས་བདག་རྒྱལ་པོས་མངའ་མཛད་དེ། །ཏིང་འཛིན་ཟས་སུ་ཟ་བའི་དུས། །འོད་གསལ་གོས་སུ་གོན་པའི་དུས། །དུག་ལྔ་གཏན་ནས་མི་སྐྱེ་སྟེ། །བསྐལ་པ་ཡ་ཐོག་བཟང་པོའི་དུས། །ཚེ་ལོ་འབུམ་ཐུབ་དུས་ལ་ནི། །ཡུལ་ནི་སྲིད་པ་སྐོས་ཀྱི་ཡུལ། །ལྷ་ནི་ཡེ་སངས་རྒྱལ་པོ་བྱུང་། །སྲིད་པ་མི་གནས་མྱ་ངན་སངས། །གཤེན་ནི་གཤེན་རབ་རྫོགས་པ་བྱུང་། །ཡབ་ནི་རྒྱལ་པོ་རབ་གསལ་དང་། །ཡུམ་ནི་ལྷ་མོ་[38]བྱམས་ཆེན་མ། །སྲས་སྣང་བ་རང་བྱུང་ཐུགས་རྗེ་ཅན་དུ་[16]གྱུར། །བདུད་ནི་ཡ་བོ་འདྲེན་ཏེ་བཏུལ། །ཕོ་བྲང་པདྨ་ཀློང་ཆེན་བཞེངས། །བོན་ནི་སྲིད་པའི་གསས་འབུམ་བཞེངས། །བསྟན་པ་ལོ་ནི་དགུ་འབུམ་ཐུབ། །ཐམས་ཅད་རང་བྱུང་མངོན་སངས་རྒྱས། །ཚེ་ལོ་བརྒྱད་ཁྲི་ཐུབ་དུས་སུ། །ཕྱྭ་རྗེ་རྒྱལ་པོས་མངའ་མཛད་དེ། །བདུད་རྩི་ས་ཞག་ཟས་སུ་ཟ༑ ༑ཉི་ཟླ་གོས་སུ་གོན་པའི་དུས། །སེམས་ཅན་རྣམས་ནི་མངལ་ནས་སྐྱེས། །ཡུལ་ནི་སྲིད་པ་ཕྱྭ་ཡི་ཡུལ། །ལྷ་ནི་ཡིད་ཀྱི་སྦུག་གུ་ཅན། །གཤེན་ནི་གཙུག་ཕུད་ཐོབ་པའི་གཤེན། །ཡབ་ནི་ཕྱྭ་རྗེ་གུང་སངས་དང་། །ཡུམ་ནི་དམུ་བཙུན་འཕྲུལ་མོ་ལ། །དགེ་བ་འཁོར་བ་ཀུན་འདྲེན་འཁྲུངས། །ཕོ་བྲང་བདེ་གནས་ལྷུན་གྲུབ་བཞེངས། །བོན་ནི་རིན་ཆེན་ཀློང་འབུམ་བྱུང་། །བདུད་ནི་ནག་པོ་གདུག་བྱེད་བཏུལ། །ལྷག་བཅས་ས་ལ་མངོན་རྫོགས་ཏེ། །བསྟན་པ་ལོ་ནི་བརྒྱད་ཁྲིར་གནས། །ཚེ་ལོ་དྲུག་ཁྲི་ཐུབ་དུས་སུ། །དམུ་རྗེ་རྒྱལ་པོས་མངའ་མཛད་དེ། །འབྲས་ནི་ས་ལུ་ལྗང་པ་ཟ། །ཤིང་ནི་ལོ་བཟང་གོས་སུ་[39]གོན། །ཡུལ་ནི་སྲིད་པ་དམུ་ཡི་ཡུལ། །ལྷ་ནི་བར་ལྷ་འོད་གསལ་ཏེ། །གཤེན་ནི་སྲིད་པའི་གཤེན་བཞི་འོ། །ཡབ་ཅིག་དམུ་རྗེ་ཨ་བ་ད་ར་དང་། །ཡུམ་ནི་ཕྱྭ་ཟ་ངང་བཟང་མ། །སྲས་ཀུན་ཤེས་ཉོན་མོངས་དུག་བསྲེགས་འགྱུར། །ཕོ་བྲང་ལྷ་རྩེ་དགུ་བསྐོར་བཞེངས། །བོན་ནི་གཡུང་དྲུང་ལྷ་འབུམ་བྱུང་། །བདུད་ནི་བསམ་ངན་གདུག་བྱེད་བཏུལ། །འོད་ལྷ་སངས་པར་མངོན་རྫོགས་སོ། །བསྟན་པ་ལོ་ནི་དྲུག་ཁྲིར་གནས། །ཚེ་ལོ་བཞི་ཁྲི་ཐུབ་དུས་སུ། །རྒྱལ་རིགས་དྲ་མས་མངའ་མཛད་དེ། །དྲུམ་ཤིང་བདུད་རྩི་བཅུད་ལ་སྤྱོད། །ལྷ་ནི་ཡེ་ཤེས་སྣང་ལྡན་དང་། །གཤེན་ནི་ས་ལེ་སྒྲོན་མ་སྟེ། །ཡབ་ནི་རྒྱལ་པོ་འོད་འབར་དང་། །ཡུམ་ནི་བཙུན་མོ་གསལ་འོད་མ༑ ༑སྲས་ལེགས་པ་ཚད་མེད་ཐུགས་རྗེ་ཅན། །ཕོ་བྲང་བཀྲ་ཤིས་བརྩེགས་པ་སྟེ། །བོན་ནི་མཐའ་བྲལ་རྒྱ་ཆེན་བྱུང་། །བདུད་ནི་འདོད་པའི་དུག་མདའ་བཏུལ། །མཐའ་བྲལ་ས་ལ་མངོན་[40]རྫོགས་སོ༑ ༑བསྟན་པ་ལོ་ནི་བཞི་ཁྲིར་གནས། །ཚེ་ལོ་ཉི་ཁྲི་ཐུབ་དུས་སུ། །རྗེ་རིགས་དྲ་མས་མངའ་མཛད་དེ། །འབྲུ་སྣ་དགུ་ལ་ལོངས་ཀྱང་སྤྱོད། །ལྷ་གཅིག་ལྷ་བོ་སྒམ་ལྷ་སྲས། །གཤེན་གཅིག་ཐུགས་རྗེ་རྨད་བྱུང་སྟེ། །ཡབ་ནི་རྗེའུ་རིགས་ལྷ་ལུས་ཏེ། །ཡུམ་ནི་ཀུན་ཤེས་དྲང་མཁན་མ། །སྲས་ནི་སྙོམས་པ་ཐམས་ཅད་མཁྱེན་གཟིགས་བྱུང་། །བོན་ནི་ཐུགས་རྗེ་ཀློང་འབུམ་བྱུང་། །ཕོ་བྲང་ལྷུན་གྲུབ་བརྩེགས་པ་བཞེངས། །བདུད་ནི་ཀུན་དུག་ནག་པོ་བཏུལ། །མཐའ་ཡས་རྨད་བྱུང་མངོན་སངས་རྒྱས། །བསྟན་པ་ལོ་ནི་བཞི་ཁྲིར་གནས། །དེ་ནས་ཚེ་ལོ་ཁྲི་ཐུབ་དུས། །ཡུལ་ནི་སྣང་[17]བ་འོད་ཀྱི་ཡུལ། །ཡབ་ནི་ཀུན་ཤེས་ཁྲི་རྫོགས་དང་། །ཡུམ་ནི་ནམ་མཁའ་དབྱིངས་ཕྱུག་ལ། །སྲས་ནི་བྱམས་པ་ཀུན་ཤེས་ཐང་བོ་ཡིས། །བདུད་ནི་སྣང་སྲིད་ཕུང་བྱེད་བཏུལ། །བསྟན་པ་ལོ་ནི་སུམ་ཁྲིར་གནས། །ཚེ་ལོ་སྟོང་ཐུབ་དུས་སུ་ནི། །སྲིད་པ་སྟོང་རྗེས་མངའ་མཛད་བྱུང་། །ལྷ་ཡི་ཐུགས་རྗེས་གང་བཟུང་ནས། །ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན། །གཤེན་ནི་ཁྲི་གཟིགས་སྟོང་ཐུབ་བོ། །ཡེ་མུ་རྒྱུང་དཀར་པོ་སྲིད་པ་རྒྱུད་དུ་གྲོལ། །གནས་ནི་གུང་དྲུག་ལྷ་རྩེ་ནས། །སྔོན་བུ་ཕོ་བྲང་ཤེལ་མཁར་གཡུ་རྩེ་རུ། །ཡབ་གཏོ་ཅང་ཤེས་འཕྲུལ་ཀྱི་རྒྱལ་པོ་དང་། །ཡུམ་ནི་ཡེ་ལྕམ་ཀུན་གྲགས་མ། [41]།སྲས་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་འཁྲུངས། །རྒྱལ་སྲས་ཤེས་རབ་ལྷ་འབུམ་བལྟམས། །བདུད་ལས་ངན་སྡིག་ཏོ་ཅན་བཏུལ་ལོ། །སྐྱེ་བ་གཅིག་གིས་མངོན་སངས་རྒྱས། །བོན་སྐུ་གསུང་གི་དཔེའུ་ཙེ་བཞག །ཕོ་བྲང་ལྷ་རྩེ་ཀུན་རྫོགས་བཞེངས། །བོན་ནི་ས་ནག་ཀློང་འབུམ་བྱུང་། །བསྟན་པ་ལོ་ནི་སུམ་སྟོང་གནས། །ཚེ་ལོ་བརྒྱ་ཐུབ་དུས་ལ་ནི། །མ་སངས་རྒྱལ་པོས་མངའ་མཛད་དེ། །ལྷ་ཡི་ཐུགས་རྗེས་གང་བཟུང་ནས། །ལྷ་ནི་གཤེན་ལྷ་འོད་དཀར་པོ། །གཤེན་ནི་སྲིད་པ་སངས་པོ་འབུམ་ཁྲི་འོ། །གནས་ནི་འཛམ་གླིང་འོལ་མོ་གླིང་། །མཁར་ནི་བར་བོ་སོ་བརྒྱད་དུ། །ཡབ་མྱེས་གདུང་རྒྱུད་དམུའི་རིགས། །དམུ་རྒྱལ་ལམ་གྱི་ཐེམ་པ་སྐས། །མ་བཙུན་འཕྲུལ་མོ་མནད་ཕྱྭའི་ཚ། །ཕྱྭ་ཟ་ངང་འབྲང་མ་ཡི་སྲས། །ཡབ་མི་བོན་ལྷ་བོན་རྒྱལ་པོན་ཐོད་དཀར་དང་། །ཡུམ་ནི་ཡོ་ཕྱི་ལྷ་ཕྱི་རྒྱལ་བཞད་མ། །སྲས་གཅེན་གསུམ་གང་དུ་བྱུང་བ་ནི། །ཕྱྭ་གཤེན་[42]སྣང་གཤེན་སྲིད་གཤེན་གསུམ། །འབྲིང་གསུམ་འཕྲུལ་གཤེན་མི་གཤེན་གཙུག་གཤེན་གསུམ། །གཅུང་གསུམ་གྲུབ་གཤེན་གྲོལ་གཤེན་གཤེན་རབ་གསུམ། །སྲིང་མོ་གཤེན་ཟ་ངང་རིང་མ། །གཅེན་གསུམ་ལྷ་གནས་གསུམ་གྱི་སྟོན་པ་མཛད། །འབྲིང་གསུམ་གཡེན་གསུམ་འདུལ་དཔོན་མཛད། །སྲིང་མོ་ཕྱྭ་ཡི་སྐུ་འཚོར་གཤེགས། །ཨན་ཚེ་ལན་མེད་ཕྱྭ་དང་རོལ། །ཡིད་ཀྱི་ཁྱེའུ་ཆུང་ཐུགས་སྲས་འཁྲུངས། །དེར་སྟོན་པ་གཤེན་རབ་རྒྱལ་ས་བཟུང་། །གཅེན་གསུམ་འབྲིང་གསུམ་ལྷར་ཤེས་པ། །རྨ་ལོ་གཡུ་ལོ་སྤྲུལ་པའི་གཅུང་། །ཧོས་ཟ་རྒྱལ་མེད་ཁབ་ཏུ་བཞེས། །སྲས་ནི་གཏོ་བུ་འབུམ་སངས་དང་། །དཔྱད་བུ་ཁྲི་ཤེས་གཉིས་འཁྲུངས་སོ། །བུ་མོ་གཤེན་ཟ་ནེའུ་ཆེན་འཁྲུངས། །དཔོ་ཟ་ཐང་མོ་ཁབ་བཞེས་པ། །སྲས་ནི་ལུང་འདྲེན་རྒྱུད་འདྲེན་དང་། །བུ་མོ་གཤེན་ཟ་ནེའུ་ཆུང་འཁྲུངས། །དེ་ནས་མགོན་གསུམ་ཕྱྭ་ཡུལ་དུ། །གཤེན་རབ་ཐུགས་ཀྱི་[43]དགྱེས་སྡེ་མོ། །ལྷ་ཟ་གུང་དྲུག་ཁབ་ཏུ་བཞེས། །མུ་ཆོ་ལྡེམ་དྲུག་[18]སྲས་སུ་འཁྲུངས། །དེ་ཡང་མུ་མེད་བོན་ལ་མཁས། །གྲངས་མེད་ཆོ་རབས་ཤེས། དུང་གི་ལྡེམ་ཤིང་འཛིན། མངོན་ཤེས་དྲུག་ལྡན་ནོ། །གསས་ཟ་ངང་དྲུག་ལེགས་པའི་ཁབ། །སྲས་ཅིག་འོལ་དྲུག་ཐང་པོ་འཁྲུངས། །འོལ་མོ་ལུང་རིང་དུ། སྡེ་དྲུག་བོན་ལ་མཁས། སྲིད་པའི་ཐང་ཆོད་མཁས་པའོ། །ཤེས་རབ་ལམ་གྱི་དགྱེས་སྡེ་མོ། བདུད་ཀྱིས་རྟ་འཕྲོག་པའི་ཆལ[མལ]། རྐོང་ཟ་ཁྲི་ལྕམ་བླངས། གཤེན་བུ་རྐོང་ཚ་འཁྲུངས། དམུ་རྒྱུད་དེ་ལ་གྲོལ། ཡ་ངལ་གྱིམ་གོང་ལགས། མུ་ཁྱུད་བདལ་པའི་མཚོ་གླིང་དུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །དགེ་སྐོས་ཨན་ཙེ་ཕྱྭས་བྱས་ཏེ། །སྟོན་པ་གཤེན་རབ་མི་བོ་ཡིས། །བསྟན་པ་རྣམ་གསུམ་རྗེས་བཞག་མཛད། །ཀོང་ཙེས་བུ་མོ་འཕྲུལ་སྒྱུར་ཕུལ། །གཤེན་བུ་[44]འཕྲུལ་བུ་ཐུང་འཁྲུངས་ཏེ། །འཕྲུལ་བསྒྱུར་རྩིས་ལ་མཁས་པའོ། །སྟོན་པས་ཁྱིམ་སྤངས་རབ་ཏུ་བྱུང་། །བཙུན་མོ་སྲས་དང་སྲས་མོར་བཅས། །ཁྱབ་པ་ལག་རིང་བདུད་ཀྱི་རིགས། །ཐམས་ཅད་མ་ལུས་རབ་ཏུ་བྱུང་། །འཁོར་བ་སྤང་སྟེ་ཐར་བ་ཐོབ། །བསྟན་པ་ལོ་ནི་ལྔ་སྟོང་གནས། །ཚེ་ལོ་བཅུ་ཐུབ་དུས་སུ་ནི། །ས་གཞི་རིན་ཆེན་གསས་གླིང་མཉམ། །སྲིད་པ་གུང་སངས་ཀློང་བདལ་མངའ། །ལྷ་ཡི་ཐུགས་རྗེས་གང་བཟུང་ན། །འོད་ལྷ་གསལ་འབར་ཐུགས་རྗེས་བཟུང་། །གཤེན་རབ་ཐང་མ་མེ་སྒྲོན་འབྱུང་། །ཡེ་མུ་རྒྱུང་དཀར་པོ་སྲིད་པ་ཁོད་སྙོམ། །གནས་གསེར་འོད་མུ་མེད་རྩེ། །ཡབ་རྒྱལ་པོ་དུང་དཀར་གསལ་ལྡན་འོད་དཔག་དང་། །ཡུམ་ཕྱྭ་བཙུན་མུ་ཟེར་ཐང་མོ་གསལ། །སྲས་སྟོན་པ་ཡེ་གནས་སྲིད་བུ་ཆུང་། །ཕྱྭ་བཙུན་ཀློང་བདལ་ཁབ་ཏུ་བཞེས། །སྲས་སྲིད་པ་ཁོད་སྙོམ་སྲིད་པ་འཛིན། །བོན་ནི་ཀློང་འབྱམས་[45]གསལ་བ་གསང་། །བདུད་ནི་སྨྱོན་པ་ཐོམ་བྱེད་བཏུལ། །སྐྱེ་བ་དག་པར་མངོན་སངས་རྒྱས། །བསྟན་པ་ལོ་ནི་བརྒྱད་ཁྲིར་གནས། །གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། དུས་གསུམ་སྟོན་པ་ཇི་ལྟར་བྱུང་བའི་ལེའུ་སྟེ་དྲུག་པའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz