།།དེ་ནས་སྟོན་པ་གཤེན་རབ་ལ།
།ཐུགས་སྲས་རྨ་ལོ་གཡུ་ལོ་ཡིས།
།ཨེ་མ་སྟོན་པ་ཐམས་ཅད་མཁྱེན།
།ནམ་མཁས་ཁྱབ་པའི་འགྲོ་བ་ལ།
།སྟོན་པའི་ཐུགས་རྗེ་ཇི་ལྟར་ཤར།
།གཤེན་རབ་ཡབ་གྱིས་བཤད་དུ་གསོལ།
།ཅེས་ཞུས་སྟོན་པས་བཀའ་བསྩལ་པ།
ཀྱེ་མ་འདུས་པའི་འཁོར་རྣམས་ཉོན།
།མུ་རྒྱུང་ཆགས་པའི་དང་པོ་ལ།
།ཏིང་ནམ་མུར་ཟངས་སྟེང་དུ་ནི།
།གསེར་གྱི་པད་མ་འདབ་མ་སྟོང་།
།གཡུ་ཡི་གཡུང་དྲུང་བཀྲ་བ་རྡོལ།
།དེ་ལ་གནས་གཙང་ལྷ་རྣམས་ཀྱིས།
།བསྐལ་པ་འདི་ནི་བཟང་པོའོ།
།འགྲོ་བ་འདྲེན་པའི་དོན་གྱི་[30]ཕྱིར།
།བདེ་བར་གཤེགས་པ་སྟོང་རྩ་བརྒྱད།
།འབྱོན་པའི་སྔ་ལྟས་ཆེན་པའོ།
།དགེའོ་དགེའོ་རབ་ཏུ་དགེ
།ཨེ་མ་ངོ་མཚར་ཆེ་ཞེས་བརྗོད།
།མུ་རྒྱུང་བསྐལ་བཟང་དང་པོ་ལ།
།ཡུལ་ནི་མུན་བྲལ་ས་ལེ་འོད།
།རང་བྱུང་བ་ཡི་གནས་རབ་ནི།
།འཁོར་བའི་ཁྲི་མུན་སངས་གནས་སུ།
།ཡེ་མུ་མེད་སྲིད་པ་རྒྱུད་དུ་གྲོལ།
།ཚེ་ལོ་བསྐལ་པ་བདུན་འབུམ་ཐུབ།
།འཁོར་ལོས་སྒྱུར་རྒྱལ་དུང་འོད་དང་།
།བཙུན་མོ་རིན་ཆེན་གསལ་འོད་མ༑
༑སྨོན་ལམ་རྒྱ་ཆེན་གཅིག་ཏུ་བཏབ།
།མེ་ཏོག་པད་མ་ཧ་སྤུངས་རྙེད།
།པདྨ་ཁ་ཕྱེ་འདབ་བརྒྱད་དབུས།
།སྲས་སྟོང་རང་བྱུང་དག་ཏུ་འཁྲུངས།
།བློན་པོ་ཆེན་པོ་བཞི་ཡང་འཁྲུངས།
།རྒྱལ་[13]པོ་ཡབ་སྲས་སྟོང་རྩ་བརྒྱད།
།རང་བྱུང་སྟོན་པ་འཁོར་བ་ཀུན་འདྲེན་ལ།
།བདུན་འབུམ་བསྐལ་པར་ཚོགས་བསགས་པས།
།སྟོན་པས་སྨོན་ལམ་རྒྱ་ཆེན་བཏབ།
།རྒྱལ་པོ་ཆེན་པོ་དུང་འོད་ཁྱོད།
།བསྐལ་[31]པ་ཆེན་པོ་བདུན་འབུམ་དུ།
།སྲས་སྟོང་བདེར་གཤེགས་སྟོང་དུ་ནི།
།འགྲོ་བ་འདྲེན་པར་རིམ་པར་འབྱོན།
།དེ་རྣམས་ཡབ་ཏུ་རྟག་ཏུ་འབྱུང་བར་ཤོག
།བཙུན་མོ་རིན་ཆེན་གསལ་འོད་ཁྱོད།
།བདེར་གཤེགས་སྟོང་གི་ཡུམ་གྱུར་ཅིག
།རིགས་སུ་སྐྱེས་པའི་སྲས་བཞི་ཡང་།
།མཚན་ལྡན་ཁྱེའུ་བཞིར་འབྱུང་བར་ཤོག
།རྒྱལ་ས་ཁྱོད་ཀྱི་བློན་ཆེན་བཞི།
།གསས་ཆེན་རུ་བཞིར་འབྱུང་བར་ཤོག
།ཅེས་བརྗོད་སྨོན་ལམ་བཏབ་ནས་ནི།
།རིན་པོ་ཆེའི་བུམ་པ་རུ།
།སྲིད་པ་སྐོས་ཀྱི་བྱང་བུ་ལ༑
༑མཚན་གྱི་བྱང་བུ་སྟོང་བྲིས་བཅུག
།སྨོན་ལམ་བཏབ་ཅིང་རིམ་པར་ཕྱུང་།
།ཇི་ལྟར་འབྱུང་བཞིན་བདེར་གཤེགས་སྟོང་།
།འགྲོ་བའི་དོན་དུ་རིམ་འབྱུང་སྟེ།
།ཁྱེད་རྣམས་རེ་རེ་སངས་རྒྱས་དུས་དག་ཏུ།
།མེ་ཏོག་ཨུ་དུམ་འབར་བ་རེ་རེ་དང་།
།ཤིང་མཆོག་འབྲས་བུ་ཅན་ནི་རེ་རེ་དང་།
།སྨན་མཆོག་ར་ས་ཡ་ན་རེ་རེ་དང་།
།ནོར་བུ་རིན་ཆེན་རེ་རེ་དང་།
།རིན་ཆེན་སྣ་བདུན་འབྱུང་གྱུར་ཅིག
།ཅེས་བརྗོད་དང་པོ་མཚན་དགུ་བྱུང་།
[32]།རང་བྱུང་ཐུགས་རྗེ་ཅན་དང་།
འཁོར་བ་ཀུན་འདྲེན་དང་།
ཉོན་མོངས་དུག་སྲེག་དང་།
ཚད་མེད་ཐུགས་རྗེ་ཅན།
ཐམས་ཅད་མཁྱེན་གཟིགས། ཀུན་ཤེས་ཐང་པོ་དང་།
གཏོ་རྒྱལ་ཡེ་མཁྱེན།
སྟོན་པ་གཤེན་རབ་དང་།
སྟོན་པ་ཡེ་གནས་སྲིད་བུ་ཆུང་།
མཚན་གྱི་བྱང་བུ་དང་པོ་འོ།
།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
བདེར་གཤེགས་སྟོང་གི་ལུང་བསྟན་པའི་ལེའུ་སྟེ་བཞི་བའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz