piątek, 21 grudnia 2018

(7) མདོ་འདུས་ལས། ལེའུ་བདུན་པ། སྟོན་པ་གཤེན་རབ་ཀྱི་སྐྱེས་རབས་བསྟན་པ།

།།དེ་ནས་སྟོན་པ་གཤེན་རབ་ལ། །སྲས་བུ་རྒྱུད་འདྲེན་གྱིས་ཞུས་པ། །ཨེ་མ་སྟོན་པ་ས་ལམ་རྫོགས། །ཐམས་ཅད་མངོན་རྫོགས་ཡབ་ལ་ཞུས། །སྲིད་གསུམ་ལས་ཀྱི་ཁ་བརྒྱུད་ནས། །སྟོན་པ་[19]ཉིད་ཀྱི་སྐྱེ་རབས་གང་། །ལམ་ལྔའི་རིམ་པ་ཅི་ལྟར་སྦྱངས། །ས་བཅུའི་རིམ་པ་ཅི་ལྟར་བགྲོད། །འདུས་པའི་འཁོར་ལ་བཤད་དུ་གསོལ། །ཅེས་ཞུས་སྟོན་པས་བཀའ་བསྩལ་བ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །བདག་ནི་འདྲེན་པའི་སྟོན་པ་སྟེ། །ཐུགས་རྗེ་ཐབས་མཆོག་རྣམ་འཕྲུལ་གྱིས། །འགྲོ་བའི་དོན་ལ་ཅིར་ཡང་སྤྲུལ། །སྐྱེ་འཆི་བར་དོ་ཁ་ཡང་བརྒྱུད། །དགེ་སྡིག་[46]ལས་ཀྱི་དབང་བརྩན་པས། །སྲོག་གཅོད་ཞེ་སྡང་རྣམ་སྨིན་གྱིས། །དམྱལ་བ་གྱད་བུ་ཐུང་དུ་སྐྱེས། །ཁྱབ་པ་ཞེ་སྡང་གྱད་གྲོགས་སྐྱེས། །སོག་ལེ་དམར་ནག་འདྲེན་པར་བྱེད། །བཅད་གཏུབ་ལས་ལ་སྙིང་རྗེ་སྐྱེས། །ཁྱབ་པས་དམྱལ་བ་ལ་བཟླས་ཏེ། །དེ་ལ་ཨ་བ་གླང་མགོ་འཁྲོས། །ཁྱོད་ཀྱང་སྲོག་བཅད་རྣམ་སྨིན་གྱིས། །དམྱལ་བར་གྱད་བུ་ཐུང་དུ་སྐྱེས། །བཅད་གཏུབ་བྱེད་པའི་དམྱལ་བ་རྣམས། །རང་གིས་ལས་བྱས་རང་ལ་སྨིན། །ཁྱོད་ཀྱིས་སྙིང་རྗེ་ཅི་ཕྱིར་སྐྱེས། །ཞེས་སྨྲས་ཐོ་བས་སྤྱི་ནས་བཅོམ། །ཚེ་ཡི་དུས་བྱས་ཡི་དྭགས་གནས་སུ་སྐྱེས། །བཀྲེས་སྐོམ་ཅན་དུ་གྱུར་བའི་ཚེ། །བཀྲེས་སྐོམ་གདུངས་ལ་སྙིང་རྗེ་སྐྱེས། །བཟའ་བཏུང་ཅི་རྙེད་རོགས་ལ་བྱིན། །དེ་ཡང་ཁྱབ་པས་ལམ་དུ་ཕྲོགས། །དེ་ནས་ཚེ་འཕོས་བྱོལ་སོང་དུ། །ནེ་ཙོ་སྨྲ་མཁན་ཞིག་ཏུ་སྐྱེས། །ཁྲ་གླག་གཞན་ལ་སྙིང་རྗེ་སྐྱེས། །ཁྱབ་པ་བྱ་ཁྲ་ཧོར་པར་སྐྱེས། །སྙིང་རྗེ་བྱམས་སེམས་ལས་དབང་གིས། །ཚེ་འཕོས་ལྷ་ཡི་ལུས་ཐོབ་སྟེ། [47]།ལྷ་ཡི་ཁྱེའུ་གསལ་བར་སྐྱེས། །འབུམ་ཁྲི་གློག་གི་ལྕེ་ཅན་ལས། །འགྲོ་བའི་དོན་དུ་སེམས་བསྐྱེད་ཐོབ། །མི་རྣམས་ཚེ་ལོ་འབུམ་ཐུབ་དུས། །མི་ཡི་ནང་དུ་བྲམ་ཟེའི་ཁྱེའུ། །ཐམས་ཅད་བློ་གསལ་བྱ་བར་སྐྱེས། །རང་བྱུང་ཐུགས་རྗེའི་སྟོན་པ་ལ། །མེ་ཏོག་ཨུ་དུམ་ཝ་ར་ཕུལ། །ཚོགས་ལམ་དང་པོ་རྫོགས་གྱུར་ཏེ། །སྦྱིན་རྫོགས་སེར་སྣའི་དྲི་བྲལ་ཏེ། །ས་ནི་དང་པོ་རབ་དགའ་ཐོབ། །ས་ཐོབ་གཡུང་དྲུང་སེམས་དཔའོ། །མི་རྣམས་ཚེ་ལོ་བརྒྱད་ཁྲིའི་དུས། །རྒྱལ་བུ་དགེ་རྒྱལ་བྱ་བར་སྐྱེས། །སྟོན་པ་འཁོར་བ་ཀུན་འདྲེན་ལ། །བདུད་རྩི་ས་ཞག་སྐྱོགས་གང་དྲངས། །མི་གཙང་སྐྱོན་བྲལ་ཚུལ་ཁྲིམས་རྫོགས། །རིན་ཆེན་ཀློང་འབུམ་ཡི་གེར་བྲིས། །ས་ནི་གཉིས་པ་དྲི་མེད་ཐོབ། །ཚེ་ལོ་དྲུག་ཁྲི་ཐུབ་དུས་སུ། །ཚོང་དཔོན་བུ་ནི་འདོད་སྦྱིན་གྱུར། །སྟོན་པ་ཉོན་མོངས་དུག་སྲེག་ལ། །འབྲས་ནི་ས་ལུ་ལྗང་པ་ཕུལ། །འབྲས་རྩོད་གཞན་ལ་བཟོད་པ་སྐྱེས། །ས་ནི་གསུམ་པ་འོད་བྱེད་ཐོབ། །ཚེ་ལོ་བཞི་ཁྲི་ཐུབ་དུས་སུ། །སྟོན་[48]པ་བྲམ་ཟེའི་དཀར་བདག་ནི། །དལ་འབྱོར་སྐྱེ་ཞེས་བྱ་བར་གྱུར། །སྟོན་པ་ཚད་མེད་ཐུགས་རྗེ་ཅན། །མུ་ལེ་གྲུམ་ཤིང་ཉག་རེ་ཕུལ། །དགེ་ལ་སྤྲོ་བའི་[20]བརྩོན་འགྲུས་ཐོབ། །སྦྱོར་ལམ་ཀུན་བཟང་ཡེ་ཤེས་ཐོབ། །ས་བཞི་བ་འོད་འཕྲོ་ཐོབ་པར་གྱུར། །ཚེ་ལོ་ཉི་ཁྲི་ཐུབ་དུས་སུ། །སྟོན་པ་རྗེའུ་རིགས་བློ་ལྡན་གྱུར། །སྟོན་པ་ཐམས་ཅད་མཁྱེན་གཟིགས་ལ༑ ༑འབྲས་བུའི་ཕུང་པོ་ཆེན་པོ་ཕུལ། །ཐམས་ཅད་མཁྱེན་པས་ལུང་བསྟན་པ། །ཀྱེ་མ་རྗེའུ་རིགས་བློ་གྲོས་ལྡན། །ཁྱོད་ནི་ཚེ་ལོ་བརྒྱ་ཡི་དུས། །མི་མཇེད་འཇིག་རྟེན་འཛམ་གླིང་གི །ནུབ་བྱང་འོལ་མོའི་གླིང་ཞེས་པར། །མཁར་ནི་བར་པོ་སོ་བརྒྱད་དུ། །བདེར་གཤེགས་ཐམས་ཅད་མཁྱེན་པ་ཡི། །སྟོན་པ་གཤེན་རབ་མི་བོར་འབྱུང་། །འགྲོ་བའི་འདྲེན་སྟོན་བྱེད་པར་འགྱུར། །ཞེས་གསུངས་ལུང་བསྟན་ཐོབ་གྱུར་ནས། །མི་འཇིགས་ལུང་བསྟན་ཐོབ་པ་ཡིན། །འགྱུར་མེད་བསམ་གཏན་མཐར་ཕྱིན་ཏེ། །ས་ལྔའི་སྦྱང་དཀའ་མངོན་གྱུར་ཏོ། །ཚེ་ལོ་སྟོང་ཕྲག་ཐུབ་དུས་སུ། །གཤེན་རབ་གཏོ་བུ་[49]བློ་གསལ་གྱུར། །སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ལ། །རིན་ཆེན་གཏེར་གྱི་བུམ་པ་ཕུལ། །བསྟན་པ་རྣམ་གསུམ་དཔེའུ་ཙེ་བཞག །མཐོང་ལམ་དེ་ནི་མངོན་དུ་གྱུར། །ཉན་བསམ་བསྒོམ་པའི་ཤེས་རབ་སྐྱེས། །ས་དྲུག་པ་མངོན་དུ་གྱུར་པ་ཐོབ། །དེ་ནས་གཏོ་བུ་བློ་གསལ་དང་། །ཚེ་འཕོས་བར་ལྷ་འོད་གསལ་དུ། །གཤེན་འཆི་མེད་གཙུག་ཕུད་བྱ་བར་འཁྲུངས། །ཕ་ནི་འཕྲུལ་གཤེན་སྣང་ལྡན་དང་། །མ་ནི་བཟང་ཟ་རིང་བཙུན་ནོ། །འོག་མིན་ལྷ་ཡི་ཕོ་བྲང་དུ། །སྟོན་པ་གཤེན་ལྷ་འོད་དཀར་ལ། །ཡེ་ཤེས་ཚོགས་བསགས་མོས་པ་བསྐྱེད། །ཐབས་དང་སྟོབས་དང་སྨོན་ལམ་སྦྱངས། །ས་བདུན་རིང་དུ་སོང་བ་དང་། །ས་བརྒྱད་པ་མི་གཡོ་བ་ཡི་ས། །དགུ་བ་ལེགས་པའི་བློ་གྲོས་ལ། །ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས། །འོག་མིན་ལྷ་ཡིས་ལུང་བསྟན་པ། །བློ་གསལ་འཆི་མེད་གཙུག་ཕུད་ཁྱོད། །ས་བཅུ་ཤེས་[50]བྱའི་སྒྲིབ་པ་བྱང་། །ཡེ་ཤེས་མཆོག་གི་ཕ་རོལ་ཕྱིན། །ས་བཅུ་གཡུང་དྲུང་སེམས་དཔའ་ཁྱོད། །སྐྱེ་བ་གཅིག་ལ་མི་ཐོགས་ཏེ། །འོད་ཀྱི་ལྷ་རི་སྤོ་མཐོན་དུ། །གཤེན་རབ་མི་བོར་མངོན་སངས་རྒྱས། །ཞེས་གསུངས་སྒོམ་ལམ་ས་བཅུ་ལ། །བོན་ཉིད་སྤྲིན་གྱི་ས་ལ་གནས། །དེ་ནས་ཚེ་ལོ་བརྒྱ་བའི་དུས། །བློ་གསལ་འཆི་མེད་གཙུག་ཕུད་ཀྱང་། །གཏོ་རྒྱལ་བསྟན་པ་རྫོགས་མཛད་ཕྱིར། །བསམ་ཞིང་སྐྱོ་དང་འཕྲུལ་མཛད་དེ། །སྟོན་པ་གཤེན་རབ་མི་བོར་གྱུར། །འགྲོ་བའི་འདྲེན་སྟོན་མཛད་པའོ། །གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། སྟོན་པ་གཤེན་རབ་ཀྱི་སྐྱེས་རབས་ཀྱི་ལེའུ་སྟེ་བདུན་པའོ།། 

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz