།།དེ་ནས་སྟོན་པ་གཤེན་རབ་ལགས།
།སྐུ་སྲས་གཏོ་བུ་དཔྱད་བུ་ཡིས།
།ཨེ་མ་སྟོན་པ་ཡབ་གྱུར་མཆོག
།སྟོན་པ་ཐུགས་རྗེ་ཆེ་ལྡན་པ།
།བསྐལ་པ་ཡ་ཐོག་རིང་པོ་ལ།
།འགྲོ་དོན་བདེར་གཤེགས་སྟོང་ཚོགས་ཏེ།
།མཚན་གྱི་བྱང་བུ་དང་པོ་ལ།
།སྟོན་པ་རབ་དགུ་བྱུང་བ་ཡི།
།རིམ་པ་ཡབ་ཀྱིས་བཤད་དུ་གསོལ།
།ཅེས་ཞུས་སྟོན་པས་བཀའ་བསྩལ་བ།
།ཕུན་སུམ་ཚོགས་པའི་འཁོར་རྣམས་ཉོན།
།བསྐལ་པ་ཡ་ཐོག་རིང་པོའི་དུས།
།ཚེ་ལོ་དཔག་མེད་ཐུབ་དུས་སུ།
།གཟུགས་ཁམས་[14]གོང་མའི་ལྷ་གནས་ཀྱི།
།གནས་གཙང་རིགས་ལྔའི་དང་པོ་སྟེ།
[33]།སྲིད་པ་གུང་སངས་གནས་དག་ཏུ༑
༑ཡབ་ལྷའི་རྒྱལ་པོ་ཁྲི་འོད་དང་།
།ཡུམ་ནི་གསས་ཟ་ཀུན་ཤེས་མ།
།སྲས་སྣང་དགེ་བ་ཀུན་ཤེས་གསུམ།
།ལེགས་པ་སྙོམས་པ་བྱམས་པ་གསུམ།
།དག་པ་གསལ་བ་ཤེས་པ་གསུམ།
།སྲས་རྒྱལ་ལྷ་རབ་ཐེན་དགུ་བྱུང་།
།རྟུལ་ཤུགས་ཅན་དང་བཅུ་རུ་བྱུང་།
།དགུ་བོ་དད་པ་རབ་སྐྱེས་ཏེ།
།ལྷའི་ཐུགས་རྗེས་ཆེར་བཟུང་ནས།
།སྲིད་པ་ཡེ་སངས་གནས་དག་ཏུ།
།ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན།
།ཡིད་ཀྱི་སྦུ་གུ་ཅན་གྱིས་བཟུང་།
།སྲས་རྣམས་ཐུགས་རྗེ་ཆེར་སྐྱེས་ཏེ།
།འབུམ་ཁྲི་གློག་གི་ལྕེ་ཅན་ལ།
།འོད་གསལ་ལྷའི་སྒྲོན་མ་ཕུལ།
།སེམས་སྐྱེད་གཏོ་རྗེ་བློན་པོ་ཞུས།
།ཤེས་རབ་བསྐྱེད་དེ་བློ་རྩལ་སྦྱངས།
།སྲིད་པ་སྟོང་རྩིས་བོན་ཉན་ཏེ།
།འགྲོ་ལ་སྙིང་རྗེའི་མཆི་མ་ཤོར།
།ཀྱེ་མ་སྟོན་པ་བླ་ན་མེད།
།བདག་ཅག་ལྷའི་རྒྱལ་སྲས་དགུ།
།ནམ་མཁས་ཁྱབ་ཚད་འགྲོ་བ་ཀུན།
།སྡུག་བསྔལ་སེལ་བའི་སྟོབས་ལྡན་[34]ཅིང་།
།ཐམས་ཅད་མཁྱེན་པའི་འདྲེན་སྟོན་ཤོག
།དེ་ཚེ་འབུམ་ཁྲིའི་ཞལ་ནས་ནི།
།ཨེ་མ་ངོ་མཚར་འདི་རེ་ཆེ།
།ལྷ་ཡི་ཁྱེའུ་ཙེ་ཁྱེད་དགུ་ནི།
།སྙིང་རྗེ་ཆེན་པོ་སྐྱེ་ཚོད་ཀྱིས།
།ཚད་མེད་བཞི་དང་ལྡན་པར་ངེས།
།འགྲོ་ལ་མ་ལྟར་བྱམས་པར་གྱིས།
།སྙིང་རྗེས་བུ་ལྟར་གདུང་པར་གྱིས།
།རྒ་བ་ནད་པ་ནད་སེལ་བཞིན།
།བཏང་སྙོམས་བདག་གཞན་མཉམ་པ་ཉིད།
།ཚད་མེད་བཞི་ཡིས་འགྲོ་རྣམས་དྲོངས།
།སྐྱེ་རྒ་ན་འཆིའི་འཇིགས་པ་སྐྱོབས།
།གཞན་ཕན་འབྲས་བུ་དོན་དུ་གཉེར།
།དེ་ནས་བླ་མེད་གནས་རབ་ཕྱིན།
།བསྟན་པ་གཅིག་ལ་སྟོན་པ་གཅིག
།གླིང་བཞི་གཅིག་ལ་ཉི་མ་གཅིག
།དེ་བཞིན་འགྲོ་དོན་རིམ་པར་འབྱུང་།
།སྣང་བ་རང་བྱུང་ཐུགས་རྗེ་ཅན།
།དགེ་བ་འཁོར་བ་ཀུན་འདྲེན་ཉིད།
།ཀུན་ཤེས་ཉོན་མོངས་དུག་སྲེག་འགྱུར།
།ལེགས་པ་ཚད་མེད་ཐུགས་རྗེ་ཅན།
།སྙོམས་པ་ཐམས་ཅད་མཁྱེན་གཟིགས་འགྱུར།
།བྱམས་པ་ཀུན་ཤེས་ཐང་པོར་འགྱུར།
།དག་པ་གཏོ་[35]རྒྱལ་ཡེ་མཁྱེན་འགྱུར།
།གསལ་བ་སྟོན་པ་གཤེན་རབ་འགྱུར།
།ཤེས་པ་ཡེ་གནས་སྲིད་བུ་ཆུང་།
།འགྲོ་དོན་སྟོན་པ་འབྱུང་བ་ཡང་།
།ལྷ་རབ་དགུ་ཡི་སེམས་བསྐྱེད་ཐོབ།
།བར་ལྷ་འོད་གསལ་གནས་རབ་དུ།
།ཡེ་གཤེན་གཡུང་དྲུང་སེམས་དཔའ་རྣམས།
།ཤེས་བྱའི་སྒྲིབ་པ་མ་ལུས་སྦྱོངས།
།མགོན་བཙུན་ཕྱྭ་ཡི་གྲོང་ཁྱེར་དུ།
།ཡེ་ཤེས་ལྷ་ཡི་སྟོན་པ་ལ།
།ཤེས་རབ་བསྐྱེད་ལ་བློ་རྩལ་སྦྱོངས།
།འོག་མིན་ལྷའི་གནས་མཆོག་ཏུ།
།རྫོགས་སྐུ་གཤེན་ལྷ་འོད་དཀར་ལ།
།འགྲོ་བ་འདུལ་བའི་བོན་ལུང་ཞུས།
།རི་རབ་རི་ཡི་རྩེ་མོ་རུ།
།འགྲོ་བ་འདུལ་བའི་[15]གཤེན་དྲུག་སྤྲུལ།
།གནས་རིས་སུམ་ཅུ་རྩ་གསུམ་དུ།
།འདུལ་བའི་གཤེན་པོ་སུམ་ཅུ་རྩ་གསུམ་སྤྲུལ།
།དེ་ནས་འགྲོ་དོན་མངོན་འགྱུར་རོ།
།འོལ་མོ་གླིང་དུ་མཛད་རྫོགས་ནས།
།རྟུལ་ཤུགས་ཅན་ནི་བདུད་རྗེ་ཁྱབ་པར་བྱུང་།
།གཤེན་ལ་འགྲན་[36]ཏེ་དོ་བསྡོས་ནས།
།ཆོ་འཕྲུལ་སྣ་དགུ་རྡུགས་འགྱུར་ནས།
།མཐར་ནི་བསྟན་ལ་གནས་འགྱུར་ཏེ།
།བདུད་སེམས་ལྷ་རུ་གྱུར་ནས་ཀྱང་།
།འཁོར་བ་དོང་ནས་སྤྲུག་འགྱུར་ཏེ།
།སྟོན་པ་མུ་མེན་གུང་སངས་འབྱུང་།
།ལྷ་བུ་སྲས་ཚ་རབ་དགུ་ཡང་།
།བླ་མེད་འདྲེན་སྟོན་འབྱུང་དུས་སུ།
།དབོན་ཞང་གསས་ཆེན་རུ་བཞི་ཡང་།
།སྟོན་པའི་སྒོ་བཞི་མཛོད་རྒྱས་བྱེད།
།འོལ་དྲུག་ཐང་པོས་རྒྱུད་འདྲེན་བྱེད།
།མུ་ཆོ་ལྡེམ་དྲུག་ལུང་འདྲེན་བྱེད།
།ཅེས་གསུངས་ལུང་བསྟན་རབ་ཏུ་ཐོབ།
།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
གྲུབ་པའི་གཤེན་དགུ་སེམས་སྐྱེད་ལུང་བསྟན་ཐོབ་པའི་ལེའུ་སྟེ་ལྔ་བའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz