།།དེ་ནས་ལྷ་དབང་བརྒྱ་བྱིན་གྱིས།
།སྟོན་པ་ལ་ནི་འདི་སྐད་ཞུས།
།ཨེ་མ་སྟོན་པ་ཐུགས་[8]རྗེ་ཅན།
།ཐུགས་རྗེའི་གནས་སུ་གྱུར་པ་ཡི།
།ནང་བཅུད་སེམས་ཅན་ཅི་ལྟར་གྲོལ།
།སྐྱེ་འཆི་ལས་འབྲས་ཅི་ལྟར་ལགས།
།འདུས་པའི་འཁོར་རྣམས་བཤད་དུ་གསོལ།
།ཞེས་ཞུས་སྟོན་པས་བཀའ་བསྩལ་བ།
།ཀྱེ་མ་འདུས་པའི་འཁོར་ལ་ཉོན།
།སྣོད་ནི་འབྱུང་བཞི་ནམ་མཁའ་སྟེ།
།སྤྱི་ཐུན་ལས་ལ་གྲུབ་པ་འོ།
།བཅུད་ནི་དར་གནས་སྐྱེ་འགྲོ་སྟེ།
།སྐྱེ་འགྲོ་ཅི་ལྟར་གྲོལ་བ་ནི།
།ཡེ་མེད་ཡེ་སྲིད་ཡེ་གནས་ཡེ་སྟོང་སྟེ།
།ཡེ་མེད་བོན་སྐུ་མཚན་མ་མེད།
།དཔེ་ནི་ནམ་མཁའ་སྟོང་བ་འོ།
།ཡེ་སྲིད་སྐྱེ་འགྲོ་གཟུགས་སྣང་ངོ་།
།ཡེ་གནས་འཁོར་འདས་[18]གཉིས་སུ་གནས།
།ཡེ་སྟོང་ནམ་མཁའ་གོ་ཕྱེས་པའོ།
།ཡེ་མེད་དབྱིངས་ལ་ཡེ་སྲིད་ཡེ་ཤེས་སོ།
།ཡེ་གནས་ཐབས་ལ་ཡེ་སྟོང་ཤེས་རབ་བོ།
།ཡེ་མུ་གདོད་མཐའ་དག་པ་ཡི།
།ཤེས་རིག་བསམ་དྲན་བཅུད་བསྡུས་སྟེ།
།སྲིད་པ་གསུམ་དུ་རྒྱུ་རྐྱེན་གྲུབ།
།འགྲོ་བ་དྲུག་ཏུ་ལས་རྐྱེན་འཁོར།
།དུག་ལྔ་འཁོར་བའི་བཞེན་བཏབ་བོ།
།ཡེ་ཤེས་ལྔ་ཤར་ཐུགས་རྗེ་ཡིས།
།དགེ་བའི་སྐུལ་མ་བཏབ་པ་འོ།
།སེམས་ཅན་སྤྱི་ཐུན་ལས་ཀྱིས་ནི།
།ཕྱི་སྣོད་འཇིག་རྟེན་མས་ཡར་ཆགས།
།འབྱུང་བཞིས་རི་རབ་གླིང་བཞིར་གྲུབ།
།དེ་ལ་སྐྱེ་དགུའི་རྟེན་གཞི་གྲུབ།
།ནང་བཅུད་སེམས་ཅན་ཡས་མར་གྲོལ།
།དང་པོ་འོད་གསལ་གཙང་མའི་ལྷ་རྣམས་ནི།
།སྟོན་པའི་ཞལ་མཐོང་ཐམས་ཅད་ནི།
།གནས་གཙང་རིགས་ལྔར་ཐར་པ་ཐོབ།
།སྟོན་པའི་བསྟན་པ་མ་ཐོབ་པ།
།བསམ་གཏན་ལྷ་ནས་རི་རབ་ལྷ་རུ་བབས།
།ལྷ་ཡི་སྤྱན་གྱིས་གཟིགས་པ་ཡིས།
།རི་རབ་གླིང་བཞི་ཉམས་[19]དགར་མཐོང་།
།ཤེད་ཅན་ཤེད་བདག་ཤེད་བུ་ཤེད་ལ་སྐྱེས།
།གླིང་བཞི་ཚལ་བཞི་ཉམས་དགར་བབས།
།བདུད་རྩི་ས་ཞག་རོ་བརྒྱ་ཟོས།
།ཕུང་པོ་ལྕི་སྟེ་འོད་ཀྱང་ནུབ།
།སྐྱེས་བུ་ལག་པ་བརྐྱང་བསྐུམ་མི་མཐོང་གྱུར།
།གླིང་བཞི་མུན་ཁྲོད་ལུས་པ་ལ།
།སྟོན་པ་ཁྲི་རྒྱལ་ཁུག་པ་བྱོན།
།ལས་དང་ཐུགས་རྗེ་འདུ་དབང་གིས།
།སྲིད་པ་ཡོངས་ལ་ཆ་བསྙམས་ཏེ།
།ཕྱོགས་བཅུའི་བདེར་གཤེགས་ཀུན་བསྐུལ་ཏེ།
།རི་རབ་ལྷུན་པོའི་སྲུབ་ཤིང་དང་།
།ཀླུ་གཉན་བརྒྱད་ཀྱི་སྲུབ་ཐག་གིས།
།རྒྱ་མཚོ་ཞོ་ལྟར་བསྲུབས་པ་ལ།
།མེ་ཤེལ་སྙིང་པོ་ཉི་མ་དང་།
།ཆུ་ཤེལ་སྙིང་པོ་ཟླ་བ་བྱུང་།
།མཁའ་ལ་ཉི་ཟླའི་སྒྲོན་མ་ཤར།
།ཉིན་དང་མཚན་མོ་གཉིས་སུ་འབྱེད།
།ཉི་མ་དཔག་ཚད་ལྔ་བཅུ་སྟེ།
།ཟླ་བ་དཔག་ཚད་ལྔ་བཅུ་སྟེ།
།ཉི་མ་རླུང་རྟ་བདུན་ཡིན་ཏེ།
།ཟླ་བ་རླུང་རྟ་བཅུ་གཉིས་སོ།
།ཉི་ཟླ་ལྷུན་པོའི་ཕྱེད་དུ་འཁོར།
།ཤར་བྱང་ནུབ་དང་ལྷོ་རུ་ཕྱེས།
།ཉི་མ་དང་[20]ནི་ཉེ་བ་ལ༑
༑ཟླ་བ་རང་གི་གྲིབ་མས་བསྒྲིབས།
།གནམ་སྟོང་དུས་ན་ཉི་ཟླ་འཕྲད།
།ཟླ་བ་ཐབས་ཏེ་སྟེང་[9]དུ་ཕྱིན།
།ཉི་མ་ཤེས་རབ་འོག་གདན་ནོ།
།ཉི་ཟླ་འཕྲད་པའི་འོད་ཟེར་ལས།
།སྐར་མའི་ཚོགས་སུ་བྱུང་བའོ།
།ས་ཞག་མིད་པས་མི་ཞེས་ཐོགས།
།མི་ནི་ཡེ་སྨོན་རྒྱལ་པོས་བྱས།
།ཁ་ཡིས་ཟས་ཟོས་རོ་ལ་ཆགས།
།ལུས་ཀྱི་འོད་ནུབ་གཤང་ལྕི་སྒོ་ཡང་དོད།
།དབང་པོ་སྒོ་སྤྲོད་འདོད་ལོག་སྤྱད།
།འདོད་སྤྱད་ཉེས་པ་ཆར་རྒྱུན་བབས།
།བདུད་རྩི་ས་ཞག་ག་ཤས་ཁྱེར།
།མཚལ་རྣམས་རི་བྲག་སུལ་དུ་དོད།
།དེ་ཚེ་ལྷ་ཡི་ཐུགས་རྗེ་ཡིས།
།འབྲས་ནི་ས་ལུ་སོར་བཞི་བབས།
།འབྲས་ཟོས་བཅུད་རྒྱས་མངལ་སྐྱེས་བྱུང་།
།ཕྱི་ལ་བུད་པས་བུ་ཞེས་བཏགས།
།བུ་ཡིས་ཨ་ཕ་ཨ་མ་སྨྲ།
།ཡེ་སྨོན་རྒྱལ་པོས་འབྲས་བགོས་ཚེ།
།གཅིག་གིས་བརྐུས་ཏེ་གཅིག་གིས་བསྡམས།
།རྒྱལ་པོས་ཞལ་ལྕེ་ཁྲིམས་ཀྱིས་བཅད།
།ངས་མ་བརྐུས་ཞེས་བརྫུན་བསྙོན་བྱས།
།བདག་[21]པོས་ཞེ་སྡང་མཚོན་དབྱུག་ཕྱུང་།
།རྐུན་མ་བསད་དེ་རོ་ཡང་བྱུང་།
།མ་དེས་བུ་དེ་མེད་ཅེས་ངུས།
།ཕ་དེས་ད་རུང་སྐྱེ་འོ་ཟེར།
།དེ་ལ་བུད་མེད་སྐྱེས་པ་བྱ་བར་ཐོགས།
།ཡེ་སྨོན་ངན་དུ་སོང་ཞེས་སྨྲས།
།བདམ་པོ་བྱོལ་དུ་སོང་བ་ན།
།ཕྱིའི་རྒྱ་མཚོའི་བྱོལ་སོང་སྟེ།
།རྐུན་མ་ཡི་དྭགས་གནས་སུ་སྐྱེས།
།བདག་པོ་ཞེ་སྡང་དམྱལ་བར་ལྟུང་།
།སྡིག་པའི་རྩ་བ་བཞི་ཡི་རྒྱུས།
།འབྲས་ནི་ས་ལུ་ས་ཞག་ནུབ།
།དེ་ནས་ས་ལུ་ལྗང་དུ་འཁྲུངས།
།ས་ལུ་ལྗང་པ་ཉག་རེ་ཟོས།
།དེ་དུས་སྐྱེ་གཟུགས་བཟང་ངན་བརྩད།
།དེ་ནས་ས་ལུ་འབྲས་བུ་འཁྲུངས།
།སྙེ་མ་རེ་ལ་ཕུལ་རེ་ཡོད།
།ནུབ་རྨོས་ནངས་ནི་སྨིན་པ་འབྱུང་།
།དེ་ཚེ་སྒྲིན་པོས་གསོག་འཇོག་བྱས།
།ཆགས་ཞེན་ཉེས་པས་ནུབ་བཏབ་ནངས་མ་སྐྱེས།
།ཟླ་བ་དྲུག་ནས་གྲ་ཕུབ་བཅས་པར་སྨིན།
།དེ་ཚེ་ཚེ་ལོ་འབུམ་ཐུབ་དུས།
།མར་ལ་འགྲིབ་པའི་མགོ་ཟུག་གོ
།དེ་དུས་[22]མི་ནི་ཡེ་སྨོན་རྒྱལ་པོ་ཁོ་ནའོ།
།དེ་ནས་འཛམ་གླིང་མི་རྒྱུད་གྲོལ།
།ཕྱྭ་དམུ་གཙུག་རྒྱུད་གསུམ་དུ་བྱུང་།
།འཛམ་བུ་གླིང་དུ་གང་སྐྱེས་པ།
།ལས་ཀྱི་ས་ལ་ཞེས་བྱ་འོ།
།ཤར་གྱི་ལུས་འཕགས་སྐྱེ་བྱེད་བཟང་།
།ལུས་ཀྱི་ཚད་ནི་ཁྲུ་བརྒྱད་པ།
།ལོ་ནི་ཉིས་བརྒྱ་ལྔ་བཅུ་ཐུབ།
།སྒྲ་མི་སྙན་ནི་ལོ་སྟོང་ཐུབ།
།ལུས་ཚད་ཁྲུ་ནི་སུམ་ཅུ་གཉིས།
།བ་གླང་སྤྱོད་ནི་ལྔ་བརྒྱ་ཐུབ།
།ལུས་ཚད་ཁྲུ་ནི་བཅུ་དྲུག་གོ
།དེ་ནི་གླིང་བཞིའི་མི་ཞེས་བྱ།
།འཁོར་ལོ་བསྒྱུར་བའི་མི་དག་ནི།
།གསེར་དངུལ་ཟངས་ལྕགས་འཁོར་ལོ་བསྒྱུར།
།དྲུམ་ཤིང་བཅུད་འཐུང་མི་དག་ནི།
།རི་རབ་ཁོང་གསེང་དཔག་བསམ་ཁུ་བ་འཐུང་།
།མེ་ཏོག་སྦུབས་གནས་མི་དག་ནི།
།ཨུ་དུམ་འབར་བའི་སྦུབས་ན་སྐྱེས།
།གཡུང་དྲུང་ཁྱིམ་བདུན་མི་དག་ནི༑
༑མུ་ཁྱུད་འཛིན་ཀྱི་ཁ་ལ་གནས།
།བསྐལ་པ་ད་ནི་བརྗེས་པ་ན།
།གནས་གཙང་ལྷ་རུ་སྐྱེ་བ་[10]ཡིན།
།དེ་ནས་ཕྲག་དོག་ལྷ་མིན་ཏེ།
།རི་རབ་ཆེན་པོའི་ཁོང་གསེང་གནས།
།ལྷ་ཆེན་རྒྱལ་པོ་ཐགས་བཟང་[23]རིས།
།དེ་ཡི་སྡེ་འཁོར་གྱུར་པ་ནི།
།སྲིད་སྐོས་ཕྱྭ་དང་གསུམ།
།དབལ་གཡོག་ཁྲིན་དང་གསུམ།
།དམུ་བདུད་འཚམ་དང་གསུམ།
།གཉེར་འོ་བཙན་དང་གསུམ།
།གཉེན་པོ་ལྷ་དང་ཡར་གཡེན་བཅུ་གསུམ་མོ།
།བར་གཡེན་གཏོད་པོ་དགུ་སྟེ།
།ཉི་ཟླ་སྐར་དང་གསུམ།
།སྤྲིན་དལ་གཞའ་དང་གསུམ།
།ཟེར་ལོ་རྫི་དང་གསུམ་ཏེ་དགུའོ།
།ས་གཡེན་ཆེ་བ་བཅུ་གཅིག་སྟེ།
།ས་བདག་ཀླུ་གཉན་དང་གསུམ།
།འདྲེ་སྲིན་བྱུར་དང་གསུམ།
།སྨན་གཟེད་སྲིན་དང་གསུམ།
།གཤིན་རྗེ་ཆུ་དང་བཅུ་གཅིག་གོ
།དེ་ནས་འདོད་ལྷ་རིས་དྲུག་ནི།
།ལྷུན་པོ་བང་རིམ་བཞི་ལ་ནི།
།དང་པོ་ལག་ན་གཞོང་ཐོགས་དང་།
།དབྱིག་ཐོགས་འཕྲེང་ཐོགས་རྟག་མྱོས་དང་།
།རྒྱལ་ཆེན་བཞི་ཡི་ལྷ་རྣམས་གནས།
།གསེར་རི་བདུན་གྱི་ཁ་ལ་ཡང་།
།རྒྱལ་ཆེན་བཞིའི་ལྷ་རྣམས་གནས།
།རི་གཉའ་ཤིང་འཛིན་གྱི་རྩེ་མོ་བཞིར།
།རྒྱལ་པོ་ཆེན་པོ་སྡེ་བཞི་གནས།
།དེ་ལ་རྒྱལ་པོ་ཆེན་པོ་སྡེ་བརྒྱད་ནི།
།རི་རབ་རྩེ་མོར་ལྷ་དབང་བརྒྱ་བྱིན་གནས།
།བྱང་ཤར་[24]དཔག་བསམ་ཤིང་རྩེ་རུ།
།མཁའ་ལྡིང་རྒྱལ་པོ་གསེར་མིག་གནས།
།ལྷོ་ནུབ་ལྷ་མིན་བྲག་ཕུག་ཏུ།
།ལྷ་མིན་རྒྱལ་པོ་ཐགས་བཟང་རིས།
།བྱང་འབྲོག་དགོན་པ་དག་ཏུ་ནི།
།གནོད་སྦྱིན་འབྲོག་གནས་མཆེད་ལྔ་གནས།
།རི་རབ་ཤར་གྱི་ཁྲི་འཕང་ལ།
།དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་བ་གནས་སོ།
།རི་རབ་དག་གི་ཁོང་གསེང་ལ།
།མིའམ་ཅིའི་རྒྱལ་པོ་ལྗོན་པ་སྐྱེས།
།མེ་ཏོག་འབྲས་ཟ་རྒྱ་མཚོའི་ཁ་ཞག་འཐུང་།
།སྐྱེས་དྲུག་དབྱར་སྐྱེ་དགུན་ན་འཆི།
།དིང་གཙུག་མཚོན་ཐོགས་སྲིན་དང་འཐབ།
།མགོ་བརྙན་གླིང་དང་གླིང་བར་རྫུ་འཕྲུལ་འགྲོ།
།ནུབ་ཕྱོགས་ཁྲི་འཕང་དང་པོ་ལ།
།ལྟོ་ཕྱེ་རྒྱལ་པོ་སྦྲུལ་མགོ་བདུན་པ་གནས།
།ནུབ་ཕྱོགས་རྒྱ་མཚོ་ཆེན་པོ་རུ།
།ཀླུའི་རྒྱལ་པོ་འཇོག་པོ་གནས།
(གསེར་རི་ངོས་བཞི་རྒྱལ་པོ་བཞི།
རི་རབ་ཅོག་བཞི་བདུད་དང་ཕྱྭ་དང་གནོད་སྦྱིན་དང་།
རྒྱལ་པོ་ཉི་པང་སད་གནས་སོ།)
།རི་རབ་ལྷུན་པོའི་རྩེ་མོ་རུ།
།སུམ་ཅུ་རྩ་གསུམ་གནས་ཡོད་དེ།
།ངོས་ལ་དཔག་ཚད་བརྒྱད་ཁྲི་ཡོད།
།ལྷའི་[25]འདུན་ས་ཆེན་པོ་དང་།
།དབུས་རྣམ་པར་རྒྱལ་བའི་ཁང་པ་བཟང་པོ་བྱ་བ་ཡོད།
།ཕྱི་རོལ་གྲོང་ཁྱེར་ལྟ་མཛེས་དང་།
།ཚལ་བཞི་སྐྱེད་མོས་དཔག་བསམ་ཤིང་།
།ཨར་མོ་ལིག་གི་རྡོ་ལེབ་ཡོད།
།དེར་ནི་ལྷ་དབང་བརྒྱ་བྱིན་དང་།
།ཉེ་དབང་སུམ་ཅུ་རྩ་གཉིས་གནས།
།དེའི་སྟེང་འཐབ་བྲལ་དགའ་ལྡན་དང་།
།འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་གནས།
།གཟུགས་ཁམས་གནས་རིགས་བཅུ་བདུན་ཏེ།
།ཚངས་[11]པའི་རྒྱལ་པོ་གཙུག་ཕུད་ནི།
།སྲིད་པའི་སྐོས་མཁན་ཡིན་པ་སྟེ།
།གནས་གཙང་ས་ལ་གནས་པའོ།
།ཚངས་རིས་ཚངས་ཆེན་ཚངས་པ་མདུན་ན་འདོན།
།འོད་ཆུང་ཚད་མེད་འོད་དང་འོད་གསལ་དང་།
།དགེ་ཆུང་ཚད་མེད་དགེ་དང་དགེ་རྒྱས་སོ།
།སྤྲིན་མེད་འོད་དང་བསོད་ནམས་སྐྱེས་དང་འབྲས་བུ་ཆེ།
།འབྲས་བུ་ཆེ་བའི་ཕྱོགས་གཅིག་ན།
།འདུ་ཤེས་མེད་པའི་ལྷ་གནས་སོ།
།དེ་སྟེང་གནས་གཙང་རིགས་ལྔ་སྟེ།
།མི་ཆེ་སྲིད་པ་གུང་སངས་གནས།
།མི་གདུང་[26]སྲིད་པ་ཡེ་སངས་གནས།
།གྱ་ནོམ་སྣང་བ་བར་ལྷ་འོད་གསལ་གནས།
།ཤིན་ཏུ་མཐོང་བ་མགོན་བཙུན་ཕྱྭ་ཡི་གནས།
།འོག་མིན་ལྷ་ཡི་གནས་མཆོག་གོ
།གཟུགས་ཁམས་ལུས་ཚད་དཔག་ཚད་དང་།
།ཚེ་ཚད་བསྐལ་པའི་གྲངས་མཉམ་སྟེ།
།གཟུགས་ཅན་དང་པོ་དཔག་ཚད་ཕྱེད།
།དེ་ཡི་གོང་གཉིས་ཕྱེད་ཕྱེད་སྐྱེད།
།ཚད་མེད་འོད་ནི་ཡས་ཆད་དོ།
།ལུས་དང་ཚེ་ཚད་ཉིས་འགྱུར་སྐྱེད།
།སྤྲིན་མེད་དཔག་ཚད་བསྐལ་གསུམ་དོར།
།འོག་མིན་དཔག་ཚད་ཁྲི་དྲུག་སྟོང་།
།ཚེ་ཚད་བསྐལ་པ་ཁྲི་དྲུག་སྟོང་།
།གཟུགས་མེད་ལུས་ཚད་མི་སྨོས་ཏེ།
།ནམ་མཁའ་མཐའ་ཡས་སྟོང་ཕྲག་ཉི་ཤུ་འོ།
།རྣམ་ཤེས་མཐའ་ཡས་བསྐལ་པ་ནི།
།སྟོང་ཕྲག་བཞི་བཅུར་གནས་པ་འོ།
།ཅི་ཡང་མེད་པ་སྟོང་ཕྲག་དྲུག་ཅུ་འོ།
།སྲིད་རྩེ་བསྐལ་པ་བརྒྱད་ཅུ་སྟེ།
།བསྐལ་པ་བརྒྱད་ཁྲི་ཐུབ་པ་འོ།
།དེ་རྣམས་བདེ་འགྲོའི་གནས་ཡིན་ནོ།
།དེ་རྒྱུ་[27]དགེ་བའི་རྒྱུ་འབྲས་སོ།
།དགེ་བཅུ་ཚད་མར་སྤྱོད་པ་དང་།
།སྡོམ་སྲུང་རྒྱན་འགྱེད་འདུས་ལྟ་ཡང་།
།ཡིད་འོང་སྦྱིན་ཅིང་འགྱོད་པ་མེད་པ་ནི།
།འདོད་ལྷར་སྐྱེས་པའི་རྒྱུ་ཡིན་ནོ།
།ཚད་མེད་རྣམ་བཞི་བསོད་ནམས་དགེ་ཚོགས་སྤྱོད།
།གཟུགས་ཁམས་ལྷ་རིགས་སྐྱེ་བའི་རྒྱུ།
།བདེ་བ་གསལ་པའི་མི་རྟག་ཞི་བདེར་གནས།
།དེ་ནི་གཟུགས་མེད་ས་ལ་སྐྱེས།
།དེ་ནས་ངན་འགྲོའི་གནས་བཤད་པ།
།མ་དྲོས་མཚོ་ཡི་འོག་ཏུ་ནི།
།དཔག་ཚད་སྟོང་ཕྲག་ཉི་ཤུ་ན།
།དམྱལ་བའི་རྒྱལ་པོ་གཤིན་ཆེན་ཏེ།
།དེ་ཡང་ཚ་བའི་དམྱལ་བ་བརྒྱད།
།མནར་མེད་པ་དང་། རབ་ཏུ་ཚ་བ་དང་།
ཚ་བ་དང་། ངུ་འབོད་ཆེན་པོ་དང་།
ངུ་འབོད་དང་། བསྡུས་འཇོམས།ཐིག་ནག
ཡང་སོས་སོ། །ཚ་བའི་དམྱལ་བའི་ཕྱོགས་བཞི་ན།
།གཉིས་འཁོར་བ་ཡི་དམྱལ་བ་ནི།
།མེ་མ་མུར་དང་རོ་མྱགས་དང་།
།སྤུ་གྲི་ལམ་སོགས་ཆུ་བོའོ།
།དེ་ནས་གྲང་[28]བའི་དམྱལ་བ་བརྒྱད།
།ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་།
ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ་དང་།
སོ་འཐམ་དང་། ཨུད་དཔལ་ལྟར་དུ་གས།
པད་མ་ལྟར་གས། པད་མ་ཆེན་པོ་ལྟར་དུ་གས་པའོ།
།གཉིས་ཚེའི་[12]དམྱལ་བ་ནི།
ཁ་འཐོར་གནས་ལ་ངེས་པ་མེད།
།ཞེ་སྡང་བསད་བཅད་རྒྱུ་འབྲས་སོ།
།དེ་ནས་རི་བོ་གངས་ཅན་ཞབས།
།དཔག་ཚད་བརྒྱ་ཡི་ཞབས་དག་ན།
།ཡི་དྭགས་རྒྱལ་པོའི་གནས་ཡོད་དེ།
།མུན་པའི་ཁྲོད་ན་བཟའ་བཏུང་བྲལ།
།ཕྱི་ནང་སྒྲིབ་དང་སྒོ་ཁྱུད་སྒྲིབ་པ་ཅན།
སྤྱི་ཐུན་བསྒྲིབ་པ་འཇུར་འགེག་གོ
།བྱོལ་སོང་མུན་པའི[ཕྱི་ཡི]རྒྱ་མཚོ་དང་།
།ཁ་འཐོར་གནས་ལ་ངེས་པ་མེད།
།ལུས་ཚད་ཚེ་ཚད་ངེས་པ་མེད།
།མི་ལོ་ལྔ་བརྒྱ་དག་ལ་ནི།རྒྱལ་ཆེན་བཞི་ཡི་ཉིན་ཞག་གཅིག
།དེ་ལས་བརྩིས་པའི་ལོ་ལྔ་བརྒྱར།
།ཞག་གཅིག་བརྩིས་པའི་ལོ་ལྔ་བརྒྱ།
།ཡི་དྭགས་རིགས་ཀྱི་ཚེ་ཚད་དེ༑
༑དེ་ལ་ཉིས་འགྱུར་[29]ཡང་སོས་ཚད།
།དེ་བཞིན་མནར་མེད་བསྐལ་པ་གཅིག
།འདོད་ཆགས་རྐུ་འཕྲོག་སེར་སྣ་ཆེ།
།དེ་དག་ཡི་དྭགས་སྐྱེ་བའི་གནས།
།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
ནང་བཅུད་སེམས་ཅན་སྐྱེ་འཆི་ལས་འབྲས་བསྟན་པའི་ལེའུ་སྟེ་གསུམ་པའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz