czwartek, 21 lutego 2019

(15) མདོ་འདུས་ལས། ལེའུ་བཅོ་ལྔ་བ། གཏོ་བུ་འབུམ་སངས་ཀྱི་བོན་དོན་ཞུས་པ་བསྟན་པ།

།།དེ་ནས་སྟོན་པ་གཤེན་རབ་ལ། །གཏོ་བུ་འབུམ་སངས་ཀྱིས་ཞུས་པ། །ཨེ་མ་སྟོན་པ་ཐམས་ཅད་ཤེས། །ཀུན་འབྱུང་འཁོར་བའི་རྒྱུ་འབྲས་གང་། །ལས་འབྲས་འབྲེལ་བ་བཤད་དུ་གསོལ། །ཅེས་ཞུས་སྟོན་པས་བཀའ་བསྩལ་བ། །གཏོ་བུ་ལ་སོགས་ལེགས་པར་ཉོན། །ལས་ལ་དགེ་སྡིག་གཉིས་ལས་མེད། །འབྲས་བུ་མཐོ་རིས་ངན་སོང་སྟེ། །ལེགས་པར་དགེ་སྤྱོད་ཐར་པ་ཐོབ། །སེམས་བསྐྱེད་[131]དགེ་བའི་རྣམ་སྨིན་གྱིས། །མཐོ་རིས་ཐར་པ་ཐོབ་པ་ཡིན། །བསོད་ནམས་ཚོགས་བསགས་སྤྲུལ་སྐུ་ཐོབ། །དགེ་བའི་ཚོགས་བསགས་ལོངས་སྤྱོད་རྫོགས། །ཡེ་ཤེས་ཚོགས་བསགས་བོན་སྐུ་ཐོབ། །རྒྱུ་ལས་མ་བྱུང་འབྲས་བུ་ནི། །སངས་རྒྱས་རྣམས་དང་ངས་མ་བཤད། །མི་དགེ་བ་ཡི་རྣམ་སྨིན་གྱིས། །ངན་སོང་གནས་གནས་གསུམ་དག་ཏུ་སྐྱེ། །ཞེ་སྡང་ཅན་དང་སྲོག་གཅོད་[50]པ༑ ༑ངན་སོང་དམྱལ་བའི་གནས་སུ་སྐྱེ། །འདོད་ཆགས་ཅན་དང་སེར་སྣ་ཅན། །ངན་སོང་ཡི་དྭགས་གནས་སུ་སྐྱེ། །གཏི་མུག་ཅན་དང་བླུན་ཞིང་རྨོངས། །ངན་སོང་བྱོལ་སོང་གནས་སུ་སྐྱེ། །ཁྲ་ཐོག་ཁྱི་ཐོག་ཁྲ་དང་ཁྱི། །རྒྱ་ཁུར་རྙི་འཇུག་སྡོམ་གྱི་ལུས། །རྐུན་མ་བྱི་བའི་མངལ་དུ་སྐྱེ། །རྐུ་འཕྲོག་བརྡེག་བཅོམ་གཅན་སྤྱང་ཁྱི། །འཕྲང་བསྒག་ལམ་བཅད་ཁྱི་ཡི་ལུས། །བཀོལ་སྤྱོད་ངལ་དུབ་མི་ཁྱག་བཀལ། །མཛོ་དང་རྟ་གླང་བོང་བུར་སྐྱེ། [132]།རྟག་ཏུ་གཞན་ལ་སྡང་སྤྱོད་པས། །བྲན་དང་ཡང་ཁོལ་དག་ཏུ་འགྱུར། །འཕྲག་དོག་འཐབ་རྩོད་ལྷ་མ་ཡིན། །ལེ་ལོས་དགེ་སྤྱོད་ལྷའི་ལུས། །བསམ་གཏན་ཞེན་པས་གཟུགས་མེད་ལྷ། །གཏོ་བུ་ལས་ཀྱི་འབྲས་བུ་དེ། །རིགས་པ་བཀའ་ལུང་ཚད་མས་ཤེས་པར་གྱིས། །དེ་ནས་སྟོན་པ་གཤེན་རབ་ལ། །གཏོ་བུ་འབུམ་སངས་ཀྱིས་ཞུས་པའི་མདོ། །ཨེ་མ་སྟོན་པ་བདེན་དོན་སྟོན། །སྒོ་བཞི་མཛོད་ལྔ་བོན་གྱི་སྒོ། །མ་འཁྲུལ་བདེན་དོན་སྤྱོད་པ་གང་། །འཁྲུལ་ནས་ལོག་པར་སྤྱོད་པ་གང་། །སྟོན་པ་ཉིད་ཀྱིས་བཤད་དུ་གསོལ། །ཅེས་ཞུས་སྟོན་པས་བཀའ་བསྩལ་བ། །ཀྱེ་མ་ཉོན་ཅིག་འདུས་པའི་འཁོར། །ཐོག་མཐའ་མེད་པའི་འཁོར་བ་རུ། །སེམས་ཅན་འཁྲུལ་ཞིང་འཁོར་བ་ལ་། །གཤེན་རབ་འཁྲུལ་པར་སྤྱོད་པ་མ་མྱོང་། །ཆབ་ནག་སྲིད་སྒོ་སྤྱོད་པ་ལ། །མ་འཁྲུལ་[133]བདེན་དོན་སྤྱོད་པ་ནི། །ཕྱྭ་གཤེན་དགེ་སྡིག་ཕན་གནོད་མཐོང་། །མཐོ་རིས་ངན་སོང་གར་འགྲོ་ཤེས། །རིག་པའི་རྒྱལ་པོ་རང་དབང་ཐོབ། །སྣང་གཤེན་ལྷ་ལ་ཡོན་ཕུལ་ཞིང་། །བགེགས་ལ་ལན་ཆགས་གླུད་དོར་ཏེ། །དགེ་སྤྱོད་སྡིག་སྤངས་ཕན་པ་བསྒྲུབས། །གཞན་ཕན་དོན་དུ་གཉེར་བའོ། །སྲིད་གཤེན་གསོན་ཤི་གཉིས་ལ་ནི། །ཚེ་འདི་ཕྱི་གཉིས་ལ་གང་ཕན་བསྒྲུབ། །ཚེ་འདིར་ཚོགས་བསགས་སྒྲིབ་པ་སྦྱངས། །ཕྱི་མར་སྦྱིན་པའི་རྒྱགས་ཕྱེ་བཏགས། །སྒྲིབ་པ་སྦྱངས་ཤིང་མ་རིག་འདུར། །ཡང་དག་འདུར་གཤེན་འཁྲུལ་པ་མེད། །འཕྲུལ་གཤེན་ཐུགས་རྗེ་ཆེར་འཕྲུལ་ཞིང་། །གང་ལ་གང་ཕན་ཐབས་མཁས་པ། །ཐུགས་རྗེས་འགྲོ་བ་འདུལ་བའོ། །གཤེན་རབ་འཁྲུལ་པ་མེད་པ་ལ། །བདུད་ནི་འཁྲུལ་ནས་ལོག་པར་སྤྱད་པ་སྟེ། །གཤེན་[134]ཆུང་གོ་བོ་ཆུང་ནི་བདུད་ཀྱི་བུ། །མོ་མ་སྡིག་ང་སྡིག་ལུམ་བསླུ་བའི་བརྫུན། །ཕྱྭ་གཤེན་ཚུལ་སྟོན་སེམས་ཅན་སྲོག་ལ་རྒོལ། །སོག་རྩེ་ལྟ་ཞིང་སྡིག་རྫུན་དམྱལ་བའི་རྒྱུ། །སྣང་གཤེན་ཡས་ལ་ཞེན་པ་གྱིམ་ཤང་གོང་གོང་བཞིན། །མ་མཐོང་ལྷ་འདྲེ་སྲོག་གིས་བརྔན་དགོས་ཟེར། །མ་ཉེས་སེམས་ཅན་མང་པོའི་སྲོག་དང་ཕྲལ། །མི་རྒས་གཏོ་བྱེད་ནོར་ལྷ་རི་ལ་སྐྱེལ། །བླུན་པོ་རྨོངས་པ་[51]མགོ་སྐོར་བསླུ་བ་ཕྲ་མོ་ཁྲི་འོད་འདྲ། །རྫུན་གྱི་ཕུ་ཐག་ཁྲི་ཤང་ཤི་བ་བཞིན། །སྡིག་པ་རོགས་སུ་ངན་པ་ཧ་དྷའི་ཕ་མ་འདྲ། །བོན་བླུན་རྨོངས་པ་ཧ་དྷ་ནག་པོ་འདྲ། །སྡིག་པའི་རྣམ་སྨིན་འཕྲལ་དུ་སྨིན་པ་མོ་བོན་ལྕེབས་པ་བཞིན། །སྲིད་གཤེན་འཁྲུལ་པ་བདུད་ཀྱི་ལས་སྤྱོད་པ། །འཁོར་བ་ཟོ་ཆུའི་རྒྱུན་འདྲ་སྐྱེ་ཤི་ལམ་མ་རྟོགས། །འདིར་ཤི་ཕ་རོལ་ཅིག་ལ་ཡང་ནས་འདི་བཞིན་ཡོད་རྫུན་སྨྲ༑ ༑རྟ་ལུག་ཟས་ནོར་མང་པོ་མུན་ནག་ཁྲོད་[135]དུ་བླུག །གྱེར་སྒོ་འདི་ནི་འདུར་གཤེན་བདུད་ཀྱི་ལས། །དོན་མེད་ལས་ལ་སྡིག་པ་རི་ཙམ་བསགས། །རྣམ་སྨིན་ལྕགས་ཀྱུས་དམྱལ་བའི་གནས་སུ་འདྲེན། །རང་དབང་མེད་པར་བཙན་དུ་ཁྲིད་པ་བཞིན། །འཕྲུལ་གཤེན་འཕྲུལ་པ་བདུད་ཀྱི་ལས་སྤྱོད་པ། །རག་ཤ་འདྲེ་རྡུང་སྲིན་པོ་པྲ་ཏི་ཧ་མཆོད་པ་བཞིན། །ཞེ་སྡང་རང་རྒྱུད་བསྲེགས་པས་སེང་གེ་མཚོར་མཆོང་བཞིན། །ལྷ་མཚུན་སྒྲ་བླ་ཟེར་ཞིང་ལ་ཀའི་ཐོ་ཡོར་མཆོད། །འཐོར་གསས་བདར་གསས་ཟེར་ཞིང་དྲན་དྲན་བོན་དུ་གྱེར། །འདྲེ་སྲིན་བཀར་ཟེར་རང་ཕུང་ཆུ་ནང་འབབ། །མེད་ལ་ཡོད་པར་འཁྲུལ་པ་རི་དྭགས་སྨིག་རྒྱུ་སྙོགས། །དགེ་སྡིག་བསྲེ་ཞིང་སྤྱོད་པ་མགོ་གཉིས་བྱ་ཡིས་དུག་རྒུམ་འཐུ་བ་འདྲ། །བདག་གཞན་གཉིས་ཀ་ཕུང་བ་རྦད་ཀྱིས་རྦད་བསླང་འདྲ། །དེ་འདྲའི་སྲིད་གཤེན་གྱེར་[136]སྒོ་ཁྱབ་པ་བདུད་ཀྱི་ལས། །མ་རིག་རྨོངས་པའི་ལས་ལ་མ་སྤྱོད་ཅིག །སྙིགས་མ་ལྔའི་སེམས་ཅན་གདུལ་དཀའ་ལོག་པ་མང་། །བདུད་དང་བདུད་ལ་ཕྱོགས་ཤིང་ལམ་ལ་གོལ་བ་མང་། །མཐའི་མུ་གེས་རྟག་ཆད་ཕྱལ་བར་གོལ། །ནང་པ་སངས་རྒྱས་ལམ་ལ་གོལ་པ་མེད། །མུ་སྟེགས་རྟག་དང་ཆད་པའི་ཡོད་མེད་མཐའ། །ཡོད་ལ་མེད་པར་ལོག་འཁྲུལ་ཏེ། །མེད་ལ་ཡོད་པར་རྟག་པས་འཁྲུལ། །འཁྲུལ་པས་འཁྲུལ་པ་བསླུ་ཞིང་བསྒྲུབ། །འཁྲུལ་པས་ཡང་དག་དོན་མ་རྟོགས། །འཁྲུལ་པས་ཁམས་གསུམ་འཁོར་བ་གྲུབ། །མེད་པར་ལྟ་བའི་ཆད་ལྟ་བས། །ཤི་ནས་མེ་ཤི་ཐལ་བ་ལྟར། །སྐྱེ་ཤི་ཚེ་ནི་སྔ་ཕྱི་མེད། །མ་ཤི་བར་དུ་བདེ་བའི་ཕྱིར། །ཕྱྭ་གཤེན་འཕྲུལ་གཤེན་རྗེས་ཞུགས་ནས། །ལྷ་གསོལ་འདྲེ་སྲིན་མནན་བྱས་ནས། །བཙན་ཕྱུག་འཕན་དར་ཐོབ་པའི་རྒྱུ། །དེ་དག་ལོག་པས་[137]སྨྲ་བ་དེ། །དཔེར་ན་ས་བོན་གང་བཏབ་དང་། །མ་ལ་བུ་སྐྱེ་སྐྱེས་མ་ཐག །ནུ་མ་ནུ་དང་མ་ཕྱིར་འབྲང་། །དེ་ཕྱིར་སྐྱེ་བ་སྔ་ཕྱི་ཡོད་པར་བདེན། །རྨོངས་པ་ཁ་ཅིག་རྒྱུ་ལས་མ་བྱུང་སྟེ། །སྲན་ཟླུམ་ཚེར་མའི་སོ་དང་རྨ་བྱའི་སྒྲོ། །ཉི་ཤར་ཆུ་རླངས་འཇའ་ཚོན་འོང་བ་རྣམས། །རྒྱུ་ལས་མ་བྱུང་འབྱུང་བ་ག་ལ་རིགས། །ཞེས་སྨྲ་དེ་དག་རྨོངས་པར་སྨྲ་བ་སྟེ། །ཇི་ལྟར་[52]ནམ་མཁའ་རྟེན་མེད་པར། །འཇའ་ཚོན་རྐྱེན་གྱིས་སྣང་བ་ལྟར། །རྒྱུ་མེད་ངོ་བོ་ཉིད་མི་བདེན། །ཁ་ཅིག་ཕྱྭ་དང་ལྷ་ཡིས་བྱས་ཞེས་སྨྲས། །ཕྱྭ་དང་ལྷ་ཡིས་བྱ་མེད་དགེ་སྡིག་དབང་། །ཁ་ཅིག་ཤེས་པར་རང་དབང་ཡོད་སྨྲ་བ། །རྫ་ཆག་བྱེའུ་འཕུར་ཇི་བཞིན་དུ། །མཐོ་རིས་ངན་སོང་གར་འགྲོ་བ༑ ༑རིག་པའི་རྒྱལ་པོ་རང་དབང་ཆེ། །རྒྱུ་རྐྱེན་གཞན་ལ་བརྟེན་པ་བརྟེན་མི་དགོས། །ཞེས་སྨྲས་པའི་རྨོངས་པ་ཚུར་ཉོན་དང་། །བྱེའུ་བཞིན་རང་[138]དབང་ཆེ་གྱུར་ན། །རྐྱེན་རྣམས་ཁྲ་དང་འདྲ་བ་འོང་། །ཕྱེ་ལེབ་མེ་ལ་འོད་གསལ་འདོད། །དེ་བས་དགེ་སྡིག་དབང་ཡིན་ཏེ། །རིག་པའི་རྒྱལ་པོ་རང་དབང་ཆེ། །དེ་བས་མཐོ་རིས་ངན་སོང་དུ། །གར་འགྲོ་དགེ་སྡིག་ལས་དབང་ཆེ། །ཁ་ཅིག་འཇིག་རྟེན་རྟག་བློ་བཟུང་། །དབྱར་དགུན་ཉིན་མཚན་འགྱུར་བའི་ཕྱིར། །མི་འགྱུར་རྟག་པའི་བློ་ནི་ནམ་མཁས་ཀྱང་མིན། །མེད་ལ་ཡོད་ལྟར་འཁྲུལ་པ་ནི། །བདག་ཅེས་བྱ་བ་བྱེད་པ་པོ། །བདེ་སྡུག་མྱོང་བའི་ཤེས་མཐོང་པོ། །དེ་ཡོད་དེ་ནི་ཐམས་ཅད་བྱེད། །རྟག་པ་གཅིག་བུ་ཡིན་པར་སྨྲ། །དེ་རྨོངས་ངེས་པ་མ་ཡིན་ཏེ། །ཐིག་གུ་སྦྲུལ་དང་ཐོ་ཡོར་མིར་འཛིན་ལྟར། །དངོས་པོ་ཐམས་ཅད་བདག་མེད་རང་བཞིན་ནོ། །མཐོང་བ་མ་དག་མུ་སྟེགས་བདག་ཏུ་རྨོངས། །ཁ་ཅིག་རྟག་པར་འདོད་པས་འདིར་སྨྲས་ཏེ། །ས་ཆུ་མེ་རླུང་རྟག་སྟེ་མེད་མི་སྲིད། [139]།ཅེས་སྨྲས་དེ་ནི་བདེན་པ་མ་ཡིན་ཏེ༑ ༑འབྱུང་བཞི་དུས་ཚད་འགྱུར་དང་མི་རྟག་པ། །འཇིག་པ་གསུམ་གྱིས་འདི་དག་མི་རྟག་གོ །ཁ་ཅིག་སྣང་གཤེན་ལོག་སྨྲ་བ། །ཕྱྭ་དང་སྲིད་པ་གནམ་གྱིས་བསྐོས། །ཚེ་ཚད་ནོར་དང་བདེ་སྡུག་ཐམས་ཅད་ཀུན། །ཕྱི་སྲིད་བསྐོས་པས་སྐོས་པ་ཡིན། །རང་དབང་མི་ཆེ་སོ་སོར་སྣང་ངོར་སྨྲ། །དེ་ཡང་ངེས་པ་མ་ཡིན་འདི་འདྲ་ནས། །ཕྱི་ཡིས་གཞན་གྱིས་བྱེད་པ་ཀུན་བྱས་ནས། །བྱེད་པ་པོ་ཉིད་མི་རྟག་སྡུག་བསྔལ་ཏེ། །དེ་བས་སྔ་མའི་ལས་དབང་བརྩན། །ཁ་ཅིག་འགྲོ་བ་རིགས་ངེས་རྟགས། །སོ་སོར་རང་རང་རིགས་སྐྱེ་ཟེར། །དེ་ཡང་འགྲོ་བ་རིགས་ངེས་ན། །མང་ངམ་ཉུང་ངམ་སྡེ་གཅིག་རྟག་པར་རིགས། །དེ་བས་རིགས་སྡིག་སྐྱོན་གྱིས་སོ་སོར་སྐྱེས། །དེ་བས་སྲིད་གཤེན་རྒྱུ་བཞི་སྨིག་རྒྱུའི་ཆུ་སྙེག་བཞིན། །དཀར་[140]ནག་མི་ཕྱེད་དམུས་ལོང་མིག་ལྟ་བུ། །སྒྱུ་མ་མཁན་གྱིས་སྐྱེ་བོ་ཡོངས་བསླུ་བཞིན། །ལྟ་བ་ངན་པས་རྨོངས་པ་བསླུས་པ་སྟེ། །བསླུ་བ་མེད་པ་གཤེན་བཀའ་ཚད་མ་ཡིན། །ངེས་པར་རྙེད་པ་བདེར་གཤེགས་ལུང་ཚད་མ་ཡིན། །ངེས་པར་རྟོགས་པ་རང་ཤར་རིགས་པ་ཚད་མ་ཡིན། །ཚད་མ་གསུམ་གྱི་བདེན་པའི་བཀའ་ལུང་ཉོན། །གཞི་ནི་སྙིང་རྗེ་ཆེན་པོ་ཚད་[53]མེད་བཞི་ལ་ལོངས། །ལམ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད། །སྒྲིབ་པ་གསུམ་སྦྱངས་སྐུ་གསུམ་རྫོགས་པའི་སར་གནས་སོ། །ཞེས་གསུངས་གཏོ་བུ་ལ་སོགས་འཁོར། །ཐེག་དགུ་བོན་གྱི་ངེས་པ་ཐོབ། །གཡུང་དྲུང་དག་པའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། གཏོ་བུ་འབུམ་སངས་གྱིས་གྱེར་དོན་ཞུས་པའི་ལེའུ་སྟེ་བཅོ་ལྔ་བའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz