środa, 13 lutego 2019

(14) མདོ་འདུས་ལས། ལེའུ་བཅུ་བཞི་བ། སྟོན་པས་བོན་གྱི་འཁོར་ལོ་བསྐོར་བར་བསྟན་པ།

དེ་ནས་གཤེན་བུ་རྐོང་ཚ་མ་གཏོགས་པ། །སྲས་དང་འཁོར་རྣམས་རབ་ཏུ་བྱུང་། །གཤེན་[46]རབ་བོན་ལ་སྐུལ་པའི་རྔ། །འབད་པ་མེད་པར་རང་གྲགས་ཏེ། །འཁོར་རྣམས་ཐམས་ཅད་བསྡུས་པར་མཛད། །འཁོར་བ་སྤངས་པའི་གཤེན་བརྒྱད་དང་། །མྱ་ངན་མེད་པའི་གཤེན་བརྒྱད་དང་། །ཞེ་དོན་སྤངས་པའི་ཞུ་བ་པོ། །བརྒྱད་སོགས་འཁོར་རྣམས་ཐམས་ཅད་འདུས། །གཡུང་དྲུང་བཀོད་པའི་གླིང་དུ་ནི། །འོད་ཀྱི་ལྷ་རི་སྤོ་མཐོན་དུ། །རིན་ཆེན་ཁྲི་སྟེང་སྟོན་པའི་གདན་བཤམས་ནས། །ལྷ་དང་མིའི་མཆོད་པའི་ལོངས་སྤྱོད་བཤམས། །སྟོན་པ་ཁྲི་ལ་བཞུགས་ཏེ་རྨ་ལོ་གཡུ་ལོས་བརྟེན། །གསལ་བ་འོད་ཀྱི་འཇའ་གུར་ཕུབ། །ན་དྲུག་རྒྱན་བཀྲ་མཚན་དཔེ་བརྗིད། །བོན་རྣམས་ཐམས་ཅད་ཅིར་ཡང་དམིགས་སུ་མེད་པའི། །མ་བཅོས་ཐིག་ལེ་གཅིག་ལ་མཉམ་པར་[121]བཞག །ཚངས་པས་རིན་ཆེན་སྣ་བདུན་འཁོར་ལོ་ཕུལ། །འགྲོ་དོན་བོན་གྱི་འཁོར་ལོ་བསྐོར་བར་བསྐུལ། །ཨེ་མ་སྟོན་པ་ཐུགས་རྗེའི་བདག །བོན་རྣམས་ཐམས་ཅད་མཚན་མ་མེད། །དམིགས་པ་མེད་པའི་ཤེས་རབ་ཆེ། །མ་བཅོས་ཐིག་ལེ་བཤད་དུ་གསོལ། །ཅེས་ཞུས་སྟོན་པས་ཞལ་ནི་འཛུམ་པ་མཛད། །སྟོན་མཆོག་ནམ་མཁའ་ལྟ་བུའི་ཏིང་འཛིན་གྱིས། །སྤྱི་གཙུག་ཨུ་དུམ་ཝ་རའི་འོད་སྤྲོས་ཏེ། །སྐུ་ལ་འོད་ཟེར་བྱེ་བ་ཁྲག་ཁྲིག་སྤྲོས་པ་ལ། །པད་མ་འདབ་མ་སྟོང་དང་ལྡན་པས་འཇིག་རྟེན་ཁྱབ། །བདེར་གཤེགས་སྟོང་གི་སྐུ་རུ་བཞུགས། །བོན་འཆད་ཅིང་སྟོན་པ་ཉིད་ཀྱང་ཁམས་བརྒྱད་རབ་དབྱེ་ཞིང་། །མཚན་མ་མེད་པ་བོན་གྱི་འཁོར་ལོ་བསྐོར། །སྟོན་པ་ཞལ་གྱི་དཀྱིལ་འཁོར་ནས། །འཕྲུལ་གྱི་ལྗགས་ནི་བརྐྱངས་མཛད་དེ། །ཚངས་པའི་གསུང་ནི་སྙན་པ་ཡིས། །སྟོང་གསུམ་[122]འཇིག་རྟེན་ཀུན་བཀང་ནས། །བདུད་ལྔ་དུག་ལྔ་འདུལ་ཕྱིར་དུ། །འཕྲུལ་ངག་བདེན་པའི་བོན་བཤད་པ༑ ༑ཀྱེ་མ་འདུས་པའི་འཁོར་རྣམས་རབ་ཏུ་ཉོན། །འབྱུང་བ་ཆེན་པོ་ལྔ་རྣམས་དང་། །ཕུང་པོ་ལྔ་དང་ཁམས་བརྒྱད་དང་། །སྐྱེ་མཆེད་བཅུ་གཉིས་རྟེན་འབྲེལ་འབྱུང་། །གཤེན་རབ་ས་དང་ལམ་ལྔ་དང་། །འཁོར་བ་མྱ་ངན་འདས་པའི་བོན། །ཐམས་ཅད་མཚན་མ་མེད་པ་སྟེ། །ཅིར་ཡང་དམིགས་སུ་མེད་པའོ། །མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་གྱིས། །ཨ་ནི་མ་བཅོས་ཐིག་ལེ་འོ༑ ༑ཨ་ལས་ཡིག་འབྲུ་ཐམས་ཅད་བྱུང་། །མ་སྐྱེས་སྐྱེ་མེད་རྣམ་པར་དག །ཅེས་གསུངས་འཁོར་རྣམས་ཤེས་ཐག་ཆོད། །དེ་ནས་བརྒྱ་བྱིན་ལྷ་ཡིས་བདུད་རྩི་ཕུལ། །སྟོན་པ་ལ་ནི་ཞུས་པའི་མདོ། །ཀྱེ་མ་གཤེན་རབ་སྟོན་པའི་མཆོག །སྲིད་པའི་བོན་གྱི་རྣམ་གྲངས་དང་། །རང་བཞིན་དག་པའི་བོན་རྣམས་གང་། །ཞེས་[123]ཞུས་སྟོན་པས་བཀའ་བསྩལ་བ། །ཉོན་ཅིག་ལྷ་ཡི་དབང་པོ་ཉོན། །རིང་[47]བཞིན་ཡེ་ནས་སྲིད་པ་དང་། །རྫུ་འཕྲུལ་བྱེད་པས་བྱས་པ་དང་། །རྒྱུ་མཐུན་སོ་སོར་འབྱུང་བ་དང་། །སྟོབས་ལྡན་རྩལ་ཤུགས་དབང་གིས་སྲིད་པ་དང་། །དགེ་སྡིག་རྣམས་ནི་སྲིད་པ་དང་། །དྲི་ཟ་ཉེ་བར་འཁོར་བ་དང་། །སྒྱུ་མ་ལྟ་བུའི་ཐང་དང་ཡུད་བྱུང་བའི་སྲིད་པའོ། །དེ་ལ་བོན་གྱི་རྣམ་གྲངས་ནི། །འདུས་བྱས་འཁོར་བའི་བོན་རྣམས་དང་། །འདུས་མ་བྱས་པ་མྱ་ངན་ལས་འདས་པའི་བོན། །ཐུགས་རྗེ་རྒྱ་ཆེན་པོའི་བོན་རྣམས་དང་། །འཕྲུལ་ངག་བདེན་པའི་བོན། སྲིད་པར་རྒྱུད་པའི་བོན། །དགེ་སྡིག་འབྱེད་པའི་བོན། །སྟོན་པའི་བཀའ་ནི་གནམ་བབ་བོན། །རང་ཤར་རིག་པ་རང་རྡོལ་བོན། །རྒྱུ་མཐུན་རང་ལུགས་བོན། །རྡོ་ཤིང་རང་འགྱུར་བོན། །སྐྱེ་མེད་གདོད་ནས་དག་པའི་བོན། །སྣང་མེད་དཔེ་ལས་འདས་པའི་བོན། །ཚད་མེད་ལྷུན་[124]ལ་རྫོགས་པའི་བོན། །ཟད་མེད་གཡུང་དྲུང་དབྱིངས་སུ་གནས་པའི་བོན། །རྩོལ་མེད་ལྷུན་གྱིས་གྲུབ་པའི་བོན། །འགྱུར་མེད་གཡུང་དྲུང་ཐོབ། །འཆི་མེད་སྐྱེས་ནས་བརྩན། །ཆགས་མེད་རྣམ་པར་དག །རིས་མེད་ཡོངས་ལ་ཁྱབ། །ཉིད་ལ་ཅིར་ཡང་སྤྲུལ་པའི་སྐུ། །བྱེ་བ་ཕྲག་བརྒྱ་འབྱུང་བ་ནི། །འགག་པ་མེད་པར་གཞན་དོན་མཛད། །ལྷ་དབང་བོན་རྣམས་ཤེས་པར་གྱིས། །ཞེས་གསུངས་ལྷ་དབང་དགའ་བ་ཐོབ། །དེ་ནས་གཤེན་རབ་སྟོན་པ་ལ། །གསལ་བ་ལེགས་གྲུབ་ཀྱིས་ཞུས་པ། །སྟོན་མཆོག་ཐམས་ཅད་ཀུན་འབྱེད་པ། །ཕུང་པོ་ལྔ་གནས་བཤད་དུ་གསོལ། །དེ་ནས་སྟོན་པས་རྣམ་གྲངས་བཤད་པས། །ཕུང་བོ་རྣམ་པ་གཉིས་ཏེ། །ཟག་བཅས་དང་ནི་ཟག་མེད་དོ། །ཟག་མེད་ཕུང་བོ་རྣམ་ལྔ་ནི། །ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ནི། །ཟག་མེད་ཚུལ་ཁྲིམས་ཕུང་བོའོ། [125]།ཏིང་འཛིན་ཡན་ལག་དྲུག་ཅུ་ནི༑ ༑ཟག་མེད་ཏིང་འཛིན་ཕུང་བོའོ། །མི་དམིགས་ཤེས་རབ་རྣམ་པ་དགུ། །ཟག་མེད་ཤེས་རབ་ཕུང་བོའོ། །རྣམ་པར་གྲོལ་བའི་ཡན་ལག་བརྒྱད། །ཟག་མེད་རྣམ་གྲོལ་ཕུང་བོའོ། །རྣམ་གྲོལ་ཡེ་ཤེས་གསལ་མཐོང་དྲུག །ཟག་མེད་རྣམ་གྲོལ་ཡེ་ཤེས་ཕུང་བོའོ། །ཟག་བཅས་ཕུང་བོ་རྣམ་ལྔ་ནི། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་ཕུང་པོའོ། །གཟུགས་ཀྱི་ཕུང་པོ་གསུམ་ཡིན་ཏེ། །རྒྱུའི་གཟུགས་ནི་འབྱུང་བ་བཞི། །འབྲས་བུའི་གཟུགས་ནི་ཡུལ་ལྔ་དབང་པོ་ལྔ། །རྣམ་པར་རིག་བྱེད་མ་ཡིན་བཟོད་རྩོལ་དང་། །ཚོར་བ་བདེ་སྡུག་བཏང་སྙོམས་གསུམ། །འདུ་ཤེས་རྒྱ་ཆེ་[126]ཆུང་ཚད་མེད་གསུམ། །འདུ་བྱེད་ལྔ་བཅུ་རྩ་གཅིག་སྟེ། །རྣམ་ཤེས་ཕུང་པོ་རྣམ་ཤེས་དྲུག །མིག་དང་རྣ་བ་སྣ་ལྕེ་ལུས་ཡིད་དོ། །ཕུང་པོ་དེ་ལྟར་ཤེས་པར་མཛོད། །རང་[48]བཞིན་མཚན་མ་མེད་པའོ། །ཞེས་གསུངས་ཕུང་པོའི་གནས་ལུགས་སོ། །དེ་ནས་སྟོན་པ་གཤེན་རབ་ཉིད། །འོད་ཀྱི་ལྷ་རི་སྤོ་མཐོན་རྩེར། །འཕྲུལ་སྣང་འོད་ཀྱི་གཞལ་ཡས་སུ། །སེང་གེ་ཉི་ཟླའི་གདན་སྟེང་དུ། །མི་གཡོ་མཉམ་པར་དཀྱིལ་ཀྲུང་བཞུགས། །འཁོར་གཡུང་དྲུང་སེམས་དཔའ་ལྔ་བརྒྱ་དང་། །ཡེ་གཤེན་སུམ་བརྒྱ་དྲུག་ཅུས་བསྐོར་དེ་བཞུགས། །འདུས་པའི་འཁོར་གྱི་ནང་ནས་ཀྱང་། །ཡིད་ཀྱི་ཁྱེའུ་ཆུང་གཏོ་བུ་འབུམ་སངས་དང་། །མེད་ཁམས་སྟོང་པ་རྗེ་དང་། གསལ་བ་འོད་ལྡན་དང་། ཚངས་པ་གཙུག་[127]ཕུད་དང་། ཀླུ་མོ་མ་མ་དེ་དང་། གཡུང་དྲུང་གཙུག་གཤེན་རྒྱལ་བ་དང་། །གསང་བ་ངང་རིང་རྣམས་བརྒྱད་ཀྱིས་མགྲིན་གཅིག་ཏུ་སྟོན་པ་ལ། མཚན་མ་མེད་པའི་དོན་ཞུས་པ། །ཀྱེ་མ་སྟོན་པ་ཐམས་ཅད་མཁྱེན། །བོན་རྣམས་ཀུན་གྱི་ངོ་བོ་ཉིད། །མཚན་མ་མེད་པ་བཤད་དུ་གསོལ། །ཅེས་ཞུས་སྟོན་པས་བཀའ་བསྩལ་བ། །བོན་རྣམས་ཐམས་ཅད་སྤྲོས་པ་ཡི། །མཚན་མ་ཀུན་དང་རྣམ་བྲལ་བ། །རྣམ་པར་རྟོག་པ་ཅི་ཡང་མེད། །མཉམ་ཉིད་ངང་ལ་འདུས་པ་དེ། །ང་ཡིས་བཤད་ཀྱིས་རབ་ཏུ་ཉོན། །ཀྱེ་མ་གཡུང་དྲུང་སེམས་དཔའ་རྣམས། །བོན་རྣམས་ཀུན་གྱི་ངོ་བོ་ཉིད། །ཅིར་ཡང་དམིགས་སུ་མེད་པ་སྟེ། །མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་གྱིས། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་དང་། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱི་རྣམ་ཤེས་དང་། །གཟུགས་[128]སྒྲ་དྲི་རོ་རེག་བྱའི་བོན་རྣམས་ཀྱི། །ངོ་བོ་ཉིད་ནི་དམིགས་སུ་མེད་པ་སྟེ། །མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་བྱ། །ས་ཆུ་མེ་རླུང་ནམ་མཁའི་ཁམས། །ངོ་བོ་ཉིད་ནི་ཅིར་ཡང་དམིགས་སུ་མེད་པ་སྟེ། །མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་བྱ། །མ་རིག་འདུ་བྱེད་རྣམ་ཤེས་དང་། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག །རེག་པ་ཚོར་བ་སྲེད་ལེན་དང་། །སྲིད་པ་སྐྱེ་བ་རྒ་ཤི་ལ་སོགས་འཁོར་བ་ཡི། །བོན་རྣམས་ངོ་བོ་ཉིད་ནི་ཅིར་ཡང་དམིགས་སུ་མེད་པ་སྟེ། །མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་བྱ། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བསམ་གཏན་ཐབས་དང་སྟོབས་དང་སྨོན་ལམ་དང་། །ཡེ་ཤེས་ཤེས་རབ་བླ་མེད་ཕྱིན་པ་ཡི། །ངོ་བོ་ཉིད་ནི་ཅིར་ཡང་དམིགས་སུ་མེད་པ་སྟེ། །མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་བྱ། །དྲན་པ་ཉེ་བར་བཞག་པ་བཞི་དང་། །ཡང་དག་པར་སྤོང་པ་བཞི། །རྫུ་འཕྲུལ་གྱི་རྐང་བ་བཞི་དང་། །དབང་པོ་ལྔ་དང་། [129]ཏིང་ངེ་འཛིན་དང་ནི་ཡེ་ཤེས་ཤེས་རབ་ལམ། །སྟོབས་དང་མི་འཇིགས་ཐར་ལམ་བརྒྱད། །ལན་ཅིག་ཕྱིར་མི་འོང་དང་ཕྱིར་མི་ལྡོག །རྒྱུན་[49]དུ་ཞུགས་དང་གཡུང་དྲུང་ཡན་ལག་དགུ། །ཚད་མེད་བཞི་དང་མ་འདྲེས་དགུ། །སོ་སོ་ཡང་དག་རིག་པ་དང་། །མི་བསྙེལ་གཟུངས་དང་སྙོམ་འཇུག་དགུ། །མཚན་མ་མེད་པ་བཞི་དང་སྙོམ་པ་བཞི། །བོན་གྱི་དབྱིངས་དང་རྒྱུན་དུ་གནས་པའི་ཐུགས་རྗེ་དང་། །རྟོགས་པ་ཆེན་པོའི་ལྟ་བ་དང་། །བསྲུང་དུ་མེད་པའི་དམ་ཚིག་དང་། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང་། །རྣམ་པར་དག་པའི་སྤྱོད་པ་དང་། །ལེགས་པར་འབྱུང་བའི་ཡོན་ཏན་དང་། །སྙོམས་པར་གནས་པའི་ངང་ཉིད་དང་། །འགྱུར་བ་མེད་པའི་སྐུ་དང་། །རང་བཞིན་མེད་པའི་གསུང་དང་། །མཉམ་ཉིད་འཁྲུལ་པ་མེད་པའི་ཐུགས་དང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །བླ་མེད་འབྲས་བུ་ལ་སོགས་པ། [130]།མྱ་ངན་འདས་པའི་བོན་རྣམས་ཀྱི། །ངོ་བོ་ཉིད་ནི་དམིགས་སུ་མེད་པ་སྟེ། །མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་བྱ། །ཞེས་གསུངས་ཁམས་བརྒྱད་གཏན་ལ་ཕབ། །དེ་ལྟར་མཚན་མ་མེད་པའི་ཁམས་ཆེན་པོ་གསུངས་སོ། །དེ་ནས་ཕོ་གླིང་མོ་གླིང་དུ། འདུལ་བ་རྒྱུད་དྲུག་བཤད་པ། སོ་སོའི་གླིང་དུ་མདོ་སྡེ་བཤད། །བདུད་འདུལ་གླིང་དུ་སྔགས་བཤད་དོ། །གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། སྟོན་པས་བོན་གྱི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་བཞི་བའོ།། 

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz