[141]།།དེ་ནས་སྟོན་པ་གཤེན་རབ་ལ།
།རྨ་ལོ་གཡུ་ལོས་ཞུས་པའི་མདོ།
།ཏི་ཀ་རྒྱ་སེ་ལིག་མིན་ཏ༑
༑སྲིད་པའི་མཛོད་ཕུག་ཇི་ལྟར་ལགས།
།ཐམས་ཅད་མཁྱེན་པས་བཤད་དུ་གསོལ།
།ཅེས་ཞུས་སྟོན་པས་བཀའ་བསྩལ་བ།
།ཀྱེ་མ་རྨ་ལོ་གཡུ་ལོ་ཉོན།
།ཡོད་པ་མེད་པ་མི་གཡོ་གསལ།
།ཀུན་གནས་སྐྱེ་འཕེལ་གཅོད་བྱེད་འཕྲ་རྒྱས་དང་།
།རྟེན་འབྲེལ་འདུས་པའི་མངོན་རྟོགས་རྒྱ་ཆེའོ།
།རང་འཛིན་ལས་སྤྱོད་འགྲོ་བ་ས་གནས་གྲུབ་འབྲས་སོ།
།དེ་ལྟར་མཛོད་གནས་བཅུ་བདུན་གསལ།
།ཞེས་གསུངས་སྲས་ཀྱིས་ཡང་ཞུས་པ།
།ཐམས་ཅད་མཁྱེན་པས་མཛོད་བཤད་ནས།
།མཛོད་གནས་རབ་ཏུ་དབྱེ་བར་ཞུ།
།ཞེས་ཞུས་སྟོན་པས་བཀའ་བསྩལ་བ།
།ཉོན་ཅིག་མཛོད་གནས་རིམ་པར་བྱེད།
།ཡོད་པ་སྲིད་པ་གསུམ་གྱི་མཛོད།
།མེད་པ་བསྐལ་དགུ་ཡི་མཛོད།
།མི་གཡོ་དབྱིངས་ནི་བཞི་ཡི་མཛོད།
།གསལ་བ་ཡེ་ཤེས་ལྔ་ཡི་མཛོད།
།ཀུན་གནས་སྣོད་ནི་[142]བཞི་ཡི་མཛོད།
།སྐྱེ་འཕེལ་བཅུ་ནི་གསུམ་གྱི་མཛོད།
།གཅོད་བྱེད་དབང་པོ་ལྔའི་མཛོད།
།འཕྲ་རྒྱས་དུག་ནི་གསུམ་གྱི་མཛོད།
།རྟེན་ཅིང་འབྲེལ་བ་གཉིས་ཀྱི་མཛོད།
།འདུས་པ་ཕུང་པོ་གཉིས་ཀྱི་མཛོད།
།མངོན་རྟོགས་སྐྱེ་མཆེད་དྲུག་གི་མཛོད།
།རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད།
།རང་འཛིན་མཚན་ཉིད་གཉིས་ཀྱི་མཛོད།
།ལས་དང་སྤྱོད་པ་ལྔ་ཡི་མཛོད།
།འགྲོ་བའི་ལམ་ནི་བཞི་ཡི་མཛོད།
།ས་དང་གནས་ནི་གསུམ་གྱི་མཛོད།
།གྲུབ་པའི་འབྲས་བུ་བཞི་ཡི་མཛོད།
།དེ་ལྟར་མཛོད་གནས་བཅུ་བདུན་ཡང་།
།རེ་རེ་རྐྱང་པ་གོ་རིམ་བསྟེན།
།ཡོད་པ་སྲིད་པ་གསུམ་པོ་ནི།
།སྐྱེ་དང་འཆི་དང་སྲིད་པ་བར་དོ་གསུམ།
།རྒྱུ་བཞི་རྐྱེན་དང་ལྔ་ལས་བྱུང་།
།མེད་པ་བསྐལ་པ་རྣམ་དགུ་ནི།
།ནད་མུག་མཚོན་དང་གསུམ།
།མེ་ཆུ་རླུང་དང་གསུམ།
།འཇིག་ཆགས་སྟོང་དང་གསུམ།
།མི་གཡོ་[54]དབྱིངས་ནི་རྣམ་བཞི་ནི།
།མུ་བཞི་སྐྱེ་མེད་འགག་[143]མེད་གནས་མེད་དེ།
།གསལ་བ་ཡེ་ཤེས་ལྔ་མཛོད་ནི།
།མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་གྲུབ།
།བོན་དབྱིངས་ཡེ་ཤེས་གསལ་བའོ།
།ཀུན་གནས་སྣོད་ནི་རྣམ་བཞི་ནི།
།རླུང་དང་ཆུ་དང་ས་རི་རབ།
།སྐྱེ་འཕེལ་བཅུད་ནི་རྣམ་གསུམ་སྟེ།
།འབྱུང་ལྔའི་བཅུད་དང་།
།ཡེ་ཤེས་ལྔའི་བཅུད།
།འདོད་ཆགས་སྐྱེད་པ་དྲུག་གོ
།གཅོད་བྱེད་དབང་པོ་རྣམ་ལྔ་ནི།
།མིག་དང་རྣ་བ་སྣ་དང་ལྕེ།
།ལུས་ཀྱི་དབང་པོ་རྣམ་ལྔའོ།
།འཕྲ་རྒྱས་དུག་གསུམ་བྱ་བ་ནི།
།འདོད་ཆགས་ཞེ་སྡང་གཏི་མུག་གོ
།རྟེན་ཅིང་འབྲེལ་བ་རྣམ་གཉིས་ནི།
།ལུགས་འབྱུང་མ་རིག་རྒ་ཤི་མཐའ།
།བཅུ་གཉིས་བཟློག་པས་ལུགས་བཟློག་གོ
།འདུས་པ་ཕུང་པོ་རྣམ་གཉིས་ནི།
།ཟག་བཅས་ཕུང་པོ་རྣམ་ལྔ་དང་།
།ཟག་མེད་ཕུང་པོ་རྣམ་ལྔའོ།
།མངོན་རྟོགས་སྐྱེ་མཆེད་རྣམ་དྲུག་ནི།
།རྣམ་པར་ཤེས་པ་དྲུག་པོ་ནི།
།ཡུལ་ལ་སྐྱེ་ཞིང་མཆེད་པའོ།
།རྒྱ་[144]ཆེ་ཁམས་ནི་རྣམ་གསུམ་ནི།
།འབྱུང་བ་དབང་པོ་སེམས་ཅན་ཁམས།
།འདོད་ཁམས་གཟུགས་ཁམས་གཟུགས་མེད་དོ།
།རང་འཛིན་མཚན་ཉིད་རྣམ་གཉིས་ནི།
།འཁོར་བ་དང་ནི་མྱ་ངན་འདས།
།ལས་དང་སྤྱོད་པ་རྣམ་ལྔ་ནི།
།ལས་ནི་དགེ་དང་མི་དགེ་གཉིས།
།སྤྱོད་པ་ཉལ་འདུག་འགྲོ་འཆག་ཤེས་པར་བྱ༑
༑འགྲོ་བའི་ལམ་ནི་རྣམ་བཞི་ནི།
།འཁོར་བ་མེད་པའི་ལམ།
།རང་གི་རང་བཞིན་དགའ་བའི་ལམ།
།དེ་བཞིན་འཁོར་བ་རྒྱུད་པའི་ལམ།
།ཐུགས་རྗེ་མཐོ་རིས་ཐར་ལམ་མོ།
།ས་དང་གནས་ནི་གསུམ་པོ་ནི།
།ཁམས་གསུམ་འཁོར་བའི་ས་དགུ་དང་།
།གཡུང་དྲུང་ཐེག་པའི་ས་བཅུ་དང་།
།བོན་ཉིད་མཆོག་ཆེན་ས་དག་གོ
།གྲུབ་པའི་འབྲས་བུ་རྣམ་བཞི་ནི།
།རྒྱུ་མཐུན་པའི་འབྲས་བུ་དང་།
།དབང་གི་འབྲས་བུ་དང་།
།རྣམ་སྨིན་འབྲས་བུ་དང་།
།བླ་ན་མེད་པའི་འབྲས་བུའོ།
།མཛོད་གནས་བཅུ་བདུན་རྣམ་དབྱེ་བ།
།ནམ་མཁའ་ལྟ་བུ་གོ་བྱེད་ཤེས།
།མི་ཤེས་མུན་བསལ་[145]ཡེ་ཤེས་གཏན་ལ་ཕབ།
།ཤེས་རབ་ཞིབ་པས་གཞིགས་ཏེ་སྤྱོད།
།གཡུང་དྲུང་དག་པའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
མཛོད་གནས་ལེའུ་སྟེ་བཅུ་དྲུག་པའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz