czwartek, 7 lutego 2019

(13) མདོ་འདུས་ལས། ལེའུ་བཅུ་གསུམ་པ། ཁྱིམ་སྤངས་རབ་ཏུ་བྱུང་ནས་མངོན་སངས་རྒྱས་པར་བསྟན་པ།

།།དེ་ནས་སྟོན་པ་གཤེན་རབ་ལ། །རྨ་ལོ་གཡུ་ལོས་ངེས་ཞུས་པ། །ཨེ་མ་གཤེན་རབ་རྨད་བྱུང་གཙོ། །དྲང་སྲོང་ཆེན་པོ་བསླབ་རྫོགས་ཤོག །རྒྱུད་དྲུག་འདུལ་བ་ཀུན་མཁྱེན་པ། །སྲས་ཀྱིས་ཡབ་ལ་མངོན་པར་བསྟོད། །སྟོན་པ་གཤེན་རབ་རྨད་བྱུང་བ། །ཇི་ལྟར་ཁྱིམ་སྤངས་སྡོམ་པ་བླངས། །འདུས་པའི་འཁོར་རྣམས་བཤད་དུ་གསོལ། [110]།ཅེས་ཞུས་སྟོན་པས་བཀའ་བསྩལ་བ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །ང་ཉིད་སྟོན་པ་བླ་ན་མེད། །ཐོག་མའི་སེམས་བསྐྱེད་ཐོབ་དུས་ནས། །རྒྱུད་དྲུག་འདུལ་བ་རབ་དུ་སྦྱངས། །ངེས་འབྱུང་ལེགས་སྨོན་འཇིགས་སྐྱོབ་ཀྱིས། །བཅས་པའི་སྡོམ་པས་གཞི་རྩ་བཅད། །རང་བཞིན་དགེ་བའི་སྡོམ་དང་ལྡན། །གདོད་ནས་ཁྱིམ་སྤངས་རབ་ཏུ་བྱུང་། །འཁོར་བའི་ས་ལ་མི་གནས་ཏེ། །གང་ལ་གང་འདུལ་ཅིར་ཡང་སྤྲུལ། །སྤྲུལ་སྐུ་སྟོན་པ་གཤེན་རབ་མི་བོར་གྲགས། །རྒྱལ་སྲིད་འཁོར་དང་ཁྱིམ་ཐབ་དང་། །སྲས་དང་ལོངས་སྤྱོད་སྦྱིན་པར་བཏང་། །ཆགས་མེད་པ་ལ་གཤེན་རབ་གནས། །སྟོན་པས་དགུང་ལོ་སུམ་ཅུ་རྩ་གཅིག་ལ༑ ༑ཁྱིམ་སྤངས་རབ་ཏུ་བྱུང་བ་སྟེ། །ཁྲི་སྨོན་རྒྱལ་བཞད་སྒོ་བཞིར་བྱུང་། །སྐྱེ་རྒ་ན་འཆི་བཞི་ལ་གཟིགས། །ཆུ་བོ་བཞི་ལ་བརྒལ་བའི་ཕྱིར། [111]།སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྒྱལ་སྲིད་མ་ལུས་གཏན་སྤངས་ནས། །ཁྱིམ་སྤངས་རབ་ཏུ་འབྱུང་བར་དགོངས། །བཙུན་མོ་སྲས་དང་འཁོར་འབངས་ཀྱིས། །བཤོལ་བཏབ་ཀུན་གྱིས་བསྲུང་གྱུར་ཀྱང་། །གཤེན་རབ་དུང་རྟ་དཀར་པོར་བཅིབས། །གཤེན་འབངས་གུས་པས་ཁ་ཁྲིད་དེ། །གསས་ཆེན་རུ་བཞིས་རྨིག་བཞི་བཏེགས། །དཀའ་ཐུབ་གླིང་ལ་གཤེགས་ཤིང་དུ། །སྡུག་བསྔལ་ཆུ་བོ་བཞི་ལ་བརྒལ་བའི་ཤུལ་ཀ་རུ། །དྲང་སྲོང་ཚུལ་ལྡན་གཅིག་དང་འཕྲད་གྱུར་ཏེ། །དེ་ལ་རྗེས་སུ་ཡི་རང་སྐྱེས་ཏེ་ཞུས་པ་ནི། །ཁྱེད་ནི་[43]དྲང་སྲོང་ཚུལ་ཁྲིམས་ལྡན་པས་བརྗིད། །སེང་གེ་གངས་ལ་འགྱིང་འདྲ་དྲང་ལ་བརྟན། །ཁྱེད་ནི་རང་བཞིན་གཞན་ལ་ཕན་ཏེ་བསོད། །ངོ་མཚར་རྨད་བྱུང་རིན་ཆེན་རི་བོ་འདྲ། །བདག་ཀྱང་ཁྱིམ་སྤངས་རབ་ཏུ་བྱུང་བར་གནང་ལགས་སམ། །ཞེས་གསུངས་དྲང་སྲོང་དེའི་ཞལ་ནས་ཀྱང་། [112]།ང་ནི་དྲང་སྲོང་ལེགས་ལྡན་རྒྱལ་བ་སྟེ། །སྟོན་པ་གཏོ་རྒྱལ་ཡེ་མཁྱེན་སློབ་བུ་ཡིན། །སྟོན་པ་ཁྱིམ་སྤངས་རབ་ཏུ་བྱུང་བས་ཤིན་ཏུ་ལེགས། །སྔོན་བྱུང་སྟོན་པ་རྣམས་ཀྱང་ཁྱིམ་སྤངས་རབ་ཏུ་བྱུང་། །རྨད་གོས་བླ་མེད་བཅས་པའི་སྡོམ་པ་སྲུངས། །དཀའ་སྤྱད་བདུད་ལྔ་དགྲ་ལ་རྒྱལ་བ་ཨེ་མ་ཧོ། །ཞེས་གསུངས་དྲང་སྲོང་ལུང་བསྟན་ཐོབ་དུས་སུ། །སྟེང་ནས་ལྷ་ཁམས་ཀུན་གྱིས་ལེགས་སོ་བྱིན། །འདུལ་བའི་གཤེན་དང་འདུལ་བའི་སུམ་ཅུ་སོ་དྲུག་གིས། །མེ་ཏོག་ཆར་ཕབ་རབ་ཏུ་ལེགས་པ་བྱིན། །རང་བྱུང་མཆོད་རྟེན་དྲུང་དུ་གཙུག་ཕུད་དབུ་སྐྲ་བྲེག །ཚངས་པ་བརྒྱ་བྱིན་ལྷ་ཡིས་སྐྲ་གཞོང་བཟེད། །ནམ་མཁའི་ལྷ་མོས་བདུད་རྩི་ཁྲུས་ཆབ་གསོལ། །ལྷ་རྣམས་རྫུ་འཕྲུལ་སྐོས་འདེབས་རྨད་གོས་རྣམ་དྲུག་ཕུལ། །རྨད་གོས་རྨད་འོག་སྨད་ཤམ་པད་ལྷམ་དང་། །པད་ཞུ་གདིང་བ་སྐུ་ལ་མཛེས་པར་[113]གསོལ། །ཧོས་རུ་བསིལ་ཡབ་པད་ཕོར་རང་བཞིན་ཕྱག་ཏུ་བབས། །མཁའ་ལ་བདེར་གཤེགས་སྤྲིན་བཞིན་འདུས་གྱུར་ཏེ། །མེ་ཏོག་གཏོར་ཞིང་བཀྲ་ཤིས་ལུང་བསྟན་བརྗོད། །དུང་རྟ་འབངས་ལ་བསྐུར་ཏེ་རྒྱལ་པོན་ཡབ་ལ་ཕུལ། །རྣམ་དག་ཁྲིམས་ཀྱི་གླིང་དུ་འདུལ་ཁྲིམས་རྫོགས། །ཆུ་བོ་གྱིམ་ཤང་འགྲམ་དུ་ལོ་གཅིག་མི་ཡི་དཀའ་ཐུབ་བྱས། །ཆུ་ཐིགས་ཉག་མ་རེ་རེ་གསོལ་བར་བྱས། །རྒྱལ་ཆེན་རིགས་བཞིའི་གནས་སུ་ལོ་གཅིག་སྤྲེའུ་ཡི་དཀའ་ཐུབ་ལོ་གཅིག་བྱས། །ཤིང་ཐོག་འབྲུ་མ་རེ་རེ་གསོལ་བར་བྱས། །སུམ་ཅུ་རྩ་གསུམ་གནས་སུ་ལོ་གཅིག་བྱའི་དཀའ་ཐུབ་བྱས། །ཅི་ཡང་མི་གསོལ་བསྙུང་བ་ཉིད་དུ་བྱས། །ལྷ་ལས་བབས་ཏེ་འོལ་མོ་གླིང་དུ་བྱོན། །བྲམ་ཟེ་ས་ལའི་བུ་མོས་འོ་མའི་འཇམ་དྲངས་ཏེ། །བུང་བའི་རྒྱལ་པོས་སྦྲང་རྩིའི་པད་ཕོར་དྲངས། །དེ་ནས་རྒྱལ་པོན་ཡབ་དང་མཇལ་གྱུར་ཏེ། །ཡབ་ཀྱིས་[114]སྲས་ལ་སྨྲས་པ་ནི། །ཀྱེ་མ་སྲས་གཅིག་གཤེན་རབ་སྟོན་པ་ཁྱོད། །དགུང་ལོ་བཅུ་ལ་རྒྱལ་སར་རབ་ཏུ་བཏོན། །བཅོ་ལྔ་ལོན་ནས་ཁབ་ཀྱིས་སྐུ་བཙའ་ཞིང་། །བཅོ་བརྒྱད་ལོན་ནས་ཡབ་ལ་བོན་རྣམས་ཉན། །ཉི་ཤུ་རྩ་ལྔ་དག་ལ་ཕྱྭའི་སྟོན་པ་མཛད། །ད་ལྟ་དགུང་ལོ་སུམ་ཅུ་སོ་གཅིག་ལ། །རྒྱལ་པོ་ཁྲི་ལས་ཕབ་ནས་འབངས་ཀྱིས་བཟུང་བ་བཞིན། །རྒྱལ་སྲིད་མ་ལུས་བཙུན་མོ་འཁོར་སྤངས་ནས། །གཅིག་པུར་མེ་ཏོག་གླིང་ལ་གཤེགས་པ་གཅིག །རྟ་དང་གླང་[44]པོ་ཤིང་རྟ་མི་བཅིབས་པར། །ཚེར་ཁྲོད་རྩུབ་པའི་ལམ་ལ་ཞབས་རྗེན་འོ་རེ་བརྒྱལ། །སྔར་ཁྲོད་དར་བེར་རས་བཟང་ཀ་ཤའི་གོས་གྱོན་ན། །རྨད་གོས་ངུར་སྨྲིག་རྩུབ་པ་ཅི་ལྟར་བཟོད། །ཁྱེད་སྔོན་གསེར་སྐྱོགས་དངུལ་སྐྱོགས་སུ། །ཞལ་ཟས་བཟང་པོའི་ཕུན་ཚོགས་གསོལ་བ་ལ། །ད་ལྟར་ཆུ་ཐིགས་རེ་ཙམ་[115]བསྙུང་བ་ག་ལ་བཟོད། །ཁྱོད་བཙུན་མོ་སྲས་དང་འཁོར་བཟང་ཀུན་སྤངས་ནས། །གཅིག་པུར་རབ་ཏུ་བྱུང་བ་འདི་ནི་ཅི་མནོ་ན། །ཞེས་སྨྲས་སྟོན་པས་ལན་སྨྲས་པ། །ཀྱེ་མ་ཡབ་གཅིག་སློབ་དཔོན་རྒྱལ་པོ་ཀྱེ། །བདག་ནི་སྔོན་ནས་རབ་ཏུ་བྱུང་བ་ཡིན། །འདིར་མི་ཆོས་ལུགས་སུ་རྒྱལ་སྲིད་བཙུན་མོ་བསྐྱངས། །ཕོ་བྲང་སྒོ་བཞི་བྱུང་སྟེ་ཆུ་བོ་བཞི་ལ་བརྒལ། །དྲང་སྲོང་ལེགས་ལྡན་རྒྱལ་བའི་ལུང་ཐོབ་ནས། །གཅིག་པུར་དཀའ་ཐུབ་གླིང་ལ་རབ་བྱུང་སྡོམ་པ་བླངས། །དཀའ་བ་མཛད་པ་ལོ་གསུམ་མཛད་གྱུར་ནས། །འདིར་ནི་རྒྱལ་པོ་ཡབ་ལ་ཞེ་ས་འབུལ་དུ་འོངས། །བདག་ནི་གཤེན་རབ་རྫུ་འཕྲུལ་རྐང་པས་འགྲོ། །རྟ་དང་གླང་པོ་ཤིང་རྟ་སྒྱུ་མའི་རྟ། །གཤེན་རབ་ཏིང་འཛིན་ཟས་མཆོག་སྟེ། །ཞལ་ཟས་ཕུན་ཚོགས་ཟག་བཅས་རོ་མི་ཆགས། །གཤེན་[116]རབ་རྨད་གོས་ཚུལ་ཁྲིམས་དྲི་མེད་གོས། །ཁྲེལ་མེད་ངོ་ཚའི་གོས་དང་བྲལ་བ་ཀ་ཤིའི་གོས་མི་འཚལ། །འཇིག་རྟེན་སྙིང་བརྩེའི་གྲོགས་ཕྱིར་བདག་མི་མཆི། །ནགས་ཚལ་དགོན་པའི་གནས་སུ་བླ་མེད་བྱང་ཆུབ་ཉེ༑ ༑རྒྱལ་པོའི་རྒྱལ་སྲིད་སྤངས་པ་མཐར་ཐུག་རྒྱལ་ས་ཡིན། །ཞེས་གསུངས་རྒྱལ་པོན་རབ་ཏུ་དགྱེས། །ཀྱེ་མ་དང་པོ་སྐྱེས་ཚེ་ས་ཡང་རྣམ་པ་དྲུག་ཏུ་གཡོས། །ཨུ་དུམ་ཝ་ར་འཛམ་བུའི་གླིང་འཁྲུངས་དང་། །སྔར་མེད་ལྷ་དང་ཀླུ་སོགས་ཀུན་ཚོགས་དང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་མཁའ་ལ་ཆར་བབས་པ་དང་། །ཁྱེད་ནི་སྔར་འདས་སྟོན་པའི་རྒྱལ་ཚབ་ཡིན་པར་ངེས། །ད་ནི་ཡབ་ཀྱང་སྲས་ལ་གུས་པས་རབ་ཏུ་བསྟོད། །ཅེས་གསུངས་ཀུན་གྱིས་ཕྱག་རྒྱས་བསྟོད། །མེ་ཏོག་གཏོར་ཏེ་ཡབ་སྲས་མཇལ་པའོ། །དེ་ནས་མི་གཡོ་[117]བསམ་གཏན་གླིང་། །ནགས་ཚལ་དགོན་པ་དབེན་པ་རུ། །སྟོན་པས་འཁོར་སྤངས་དགོན་པ་མཛད། །སྟོང་ཉིད་སྟོང་པ་ཆེན་པོ་ཞེས། །ཞི་བ་ཆེན་པོའི་ཏིང་འཛིན་བསྒོམ། །དེ་ཚེ་ཕྱོགས་བཅུའི་བདེ་བར་གཤེགས། །བསམ་གཏན་གླིང་ནི་གང་བར་བྱོན། །ཀྱེ་མ་སྟོན་པ་གཤེན་རབ་ཉིད། །སྟོང་སྟེ་སྟོང་ཆེན་དེ་མ་ཡིན། །ཞི་བ་འདི་ལ་ཕྱོགས་གཅིག་པ། །ཅི་ཡང་མེད་པའི་སྐྱེ་མཆེད་གོལ། །ཏིང་འཛིན་འདི་ལས་བཞེངས་ནས་ནི། །འོག་མིན་བོན་སྐུའི་ཞིང་དེར་ནི། །རྫུ་འཕྲུལ་ལུས་ཀྱི་བཀོད་པས་གཤེགས། །སྟོན་པ་ཀུན་བཟང་[45]བོན་སྐུ་ལ། །མཐར་ཐུག་བོན་གྱི་སྒྲོསའདོགས་ཆོད། །རང་བྱུང་ཀུན་བཟང་དགོངས་པ་ལོངས། །ཞེས་བསྐུལ་འོག་མིན་གནས་སུ་གཤེགས། །སྟོན་པ་ཀུན་བཟང་བོན་སྐུ་ལ། །བོན་དབང་[118]སེམས་ལ་ཐོབ་གྱུར་ནས། །ཡང་དག་དོན་གྱི་སྒྲོ་འདོགས་ཆོད། །དེ་ནས་འོད་ཀྱི་ལྷ་རི་རྩེ་མཐོན་དུ། །སྟོན་པ་བསམ་གཏན་དགོངས་པ་མཛད། །དགོངས་པ་དེ་བཞིན་ཉིད་དུ་གྱུར། །དེ་ནས་བདུད་ཀྱི་བུ་མོ་དྲུག །སྟོན་པ་གཡོ་སྒྱུས་བསླུ་བའི་ཕྱིར། །གཡོ་སྒྱུ་སུམ་ཅུ་སོ་དྲུག་བྱས། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྒན་མོ་དྲུག་ཏུ་གྱུར་པའོ། །དེ་ནས་གཡུང་དྲུང་དགུ་བརྩེགས་རིར། །སེང་གེ་རྣམ་རྩེའི་ཏིང་འཛིན་གྱིས། །དགའ་རབ་དབང་ཕྱུག་བདུད་ཀྱི་སྡེ། །བྱེ་བ་ས་ཡའི་དམག་ལས་རྒྱལ། །ཐུགས་དགོངས་མཁའ་ལྟར་དག་གྱུར་ཏེ། །ནམ་མཁའ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་བྱའི་སྒྲིབ་པ་ཀུན་དག་ནས། །མཉམ་བཞག་དཀྱིལ་ཀྲུང་མི་གཡོ་བ། །ནམ་ལངས་ཉི་ཤར་མངོན་སངས་རྒྱས། །དེ་ཚེ་ཁྱབ་པས་འདི་སྐད་དུ། །སྟོན་པ་གཅིག་པུ་སངས་རྒྱས་ནས། །ཁྱོད་ལ་དཔང་པོ་སུ་ཡོད་གྱུར། །དེ་[119]ཚེ་ས་ཡི་ལྷ་མོ་ནི། །སྐུ་ཕྱེད་ཐོན་ཏེ་འདི་སྐད་དུ། །སྟོན་པ་གཅིག་པུ་མངོན་སངས་རྒྱས། །དཔང་པོ་དམ་པ་ང་ཡིན་པས། །བདུད་ནི་སྡིག་ཏོ་མ་སྨྲ་ཞིག །དེའི་ཚེ་དེ་ཡི་དུས་ཙམ་ན། །ས་ཡང་རྣམ་པ་དྲུག་དུ་གཡོས། །ལྷ་ཡི་བུ་ནི་བྱེ་བ་ཡང་། །མི་སྐྱེ་བོན་ལ་བཟོད་པ་ཐོབ། །གཡུང་དྲུང་སེམས་དཔའ་འབུམ་ཕྲག་བཅུ། །ཤེས་བྱའི་སྒྲིབ་པ་ཐམས་ཅད་དག །ཕྱིར་མི་ལྡོག་པའི་ས་ལ་འཁོད། །གཤེན་ཕྲན་སྟོང་དང་ལྔ་བརྒྱ་ཡང་། །བླ་ན་མེད་པའི་ལམ་རྙེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ། །ཡབ་གཅིག་རྒྱལ་པོན་ཐོད་དཀར་ཡང་། །བར་པོ་སོ་བརྒྱད་རྩེ་མོ་རུ། །ཕུང་པོ་ལྷག་མ་མ་ལུས་པར། །རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། །འོལ་མོ་གླིང་དུ་རིན་ཆེན་མེ་ཏོག་ཆར། །སྔར་མེད་དགེ་རྟགས་མང་དུ་བྱུང་། །གཡུང་དྲུང་དག་པའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། སྟོན་པས་[120]ཁྱིམ་སྤངས་རབ་ཏུ་བྱུང་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ལེའུ་སྟེ་བཅུ་གསུམ་པའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz