།།དེ་ནས་ཀོང་ཙེ་འཕྲུལ་རྒྱལ་གྱིས།
།སྟོན་པ་གཤེན་རབ་མི་བོ་ལ།
།རྒྱལ་སྲིད་ཕུལ་ནས་ཞུས་པའི་མདོ།
།ཨེ་མ་སྟོན་པ་གཤེན་རབ་ཕུལ།
།དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ།
།ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ།
།སྟོན་པ་བླ་མེད་གཤེན་རབ་ལ།
།ཀོང་ཙེ་དང་བས་གུས་ཕྱག་འཚལ།
[73]།སྟོན་པས་བདུད་བཏུལ་མངོན་སངས་རྒྱས།
།འགྲོ་བ་འདུལ་བའི་ཐབས་མཆོག་ཏུ།
།ཆོ་འཕྲུལ་ཆེན་པོ་བསྟན་པ་གང་།
།འཁོར་རྣམས་ཀུན་ལ་བཤད་དུ་གསོལ།
།ཞེས་ཞུས་སྟོན་པས་བཀའ་བསྩལ་བ།
།འགྲོ་བ་འདུལ་བའི་ཆོ་འཕྲུལ་ལས།
།ཆོ་འཕྲུལ་ཆེན་པོ་ལྔ་[196]བསྟན་ཏེ།
།རང་བཞིན་གྱི་ནི་ཆོ་འཕྲུལ་དང་།
།བྱིན་གྱིས་བརླབས་པའི་ཆོ་འཕྲུལ་དང་།
།རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་དང་།
།རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་།
།བསྟན་པ་རྗེས་བཞག་ཆོ་འཕྲུལ་ལོ།
།རང་བཞིན་གྱི་ནི་ཆོ་འཕྲུལ་ནི།
།འོག་མིན་ལྷ་ཡི་ཕོ་བྲང་ནས།
།རྫོགས་སྐུ་གཤེན་ལྷ་འོད་དཀར་ལ།
།གཡུང་དྲུང་སེམས་དཔའ་འབུམ་གྱིས་བསྐོར།
།གསང་བ་བླ་མེད་དོན་རྣམས་བཤད།
།ལྟ་བ་བོན་གྱི་འཁོར་ལོ་བསྐོར།
།ས་བཅུ་ཤེས་བྱའི་སྒྲིབ་པ་སྦྱངས།
།བར་ལྷ་འོད་གསལ་གནས་ཞེས་བྱ།
།མགོན་གསུམ་ཕྱྭའི་གྲོང་ཁྱེར་དུ།
།འགྲོ་བ་འདུལ་བའི་འཕྲིན་ལས་ལ།
།གང་ལ་གང་འདུལ་སྤྲུལ་པ་འགྱེད།
།ཉི་མ་དང་ནི་འོད་ཟེར་ལྟར།
།བོན་གྱི་སྐུ་ལ་མ་གཡོས་ཀྱང་།
།ལོངས་སྤྱོད་རྫོགས་ལ་ཅིར་ཡང་སྤྲུལ།
།འོག་མིན་གནས་སུ་[197]མངོན་རྫོགས་ཀྱང་།
།ཅིར་ཡང་སྤྲུལ་སྐུ་འཛམ་གླིང་དུ།
།སྟོན་པ་གཤེན་རབ་མངོན་སངས་རྒྱས།
།འདུལ་བ་དྲུག་དང་སུམ་ཅུ་སོ་དྲུག་སོགས།
།འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ།
།གཤེན་རབ་བྱེ་བ་ཕྲག་བརྒྱ་བྱུང་།
།ཐེག་པ་དགུ་ཡི་རིགས་རྣམས་ལ།
།ཐེག་སྒོ་བྱེ་བྲག་བོན་རྣམས་བཤད།
།རང་བཞིན་སྟོན་པའི་ཆོ་འཕྲུལ་ལོ།
།བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི།
།སྟོན་པའི་ཞབས་ཀྱི་ལོང་བུ་དང་།
།དབང་པོ་དྲུག་དང་ཕྱག་དང་དབུ།
།དེ་ལས་འོད་ཟེར་བྱེ་བ་བྱུང་།
།དེ་ལ་སྟོན་པ་རེ་རེ་བྱུང་།
།ཀུན་ཀྱང་ཚད་མེད་བོན་བཤད་ཅིང་།
།འགྲོ་བའི་དོན་རྣམས་བྱེད་པ་དང་།
།སྟོན་པས་སྐུ་གཅིག་བསྟན་པ་ལ།
།ནམ་མཁའ་ཟླ་གཟུགས་[198]ཆུར་གསལ་བཞིན།
།སེམས་ཅན་རྣམས་ནི་རེ་རེ་བཞིན།
།རང་རང་གང་མོས་སྟོན་པར་སྣང་།
།རང་རང་མོས་པའི་བོན་འཆད་དང་།
།བཀའ་རྟགས་བྱ་དང་ཤིང་རྣམས་དང་།
།འབྱུང་བ་བཞི་དང་རི་དང་བྲག
།དེ་ལ་བོན་གྱི་སྒྲ་ཡང་བྱུང་།
།གསུང་གི་བྱིན་གྱིས་བརླབས་པ་འོ།
།ཐུགས་ཀྱི་བྱིན་གྱིས་བརླབས་པ་ནི།
།སྟོན་པ་དགོངས་པ་ལ་བཞུགས་ཚེ།
།ཀོང་རྩེ་འཕྲུལ་རྒྱལ་ལ་སོགས་པས།
།སྟོན་པའི་དགོངས་པ་བསྒྲུབ་པ་འོ།
།སྐུ་ཡིས་བྱིན་གྱིས་བརླབས་པ་ནི།
།རྒྱལ་པོ་ས་ལ་སོགས་པ་ལ།
།སྟོན་པས་ཕྱག་གིས་སྤྱི་བོར་བཞག
།སྟོན་པའི་སྐུ་ཡི་བྱིན་རླབས་ཞུགས་པ་འོ།
།ལུང་བསྟན་བྱིན་གྱིས་བརླབས་པ་ནི།
།སྟོན་པས་ཡིད་ཀྱི་ཁྱེའུ་ཆུང་ལ།
།རྒྱལ་པོ་ཧོས་[199]ཀྱི་འགྲོ་བའི་དོན་གྱིས་ཤིག་དང་།
།འ་ཞ་གསང་བ་[74]མདོ་སྡུད་ལ།
།གསང་བོན་དུས་ལ་མ་གཡོས་པ་ལ།
།ང་ཡི་གདུང་གཉེར་གྱིས་ཤིག་དང་།
།མུ་ཆོ་ལྡེམ་དྲུག་སྲིད་པ་གུང་སངས་ཡུལ།
།སྟོན་པ་གཤེན་རབ་ལྷ་ཡི་ཞལ་ལྟོས་དང་།
།ང་ཡི་རྒྱུད་ཀྱིས་འདྲེན་པར་ཤོག་ཅེས་པའོ།
།འཛིན་ནི་འདྲེན་པའི་ཤོན་རྩེས་པའོ།
།རྫུ་འཕྲུལ་གྱིས་ནི་ཆོ་འཕྲུལ་ནི༑
༑ས་ཡང་དྲུག་ཏུ་གཡོས་པ་དང་།
།བདུད་ཀྱི་ཆོ་འཕྲུལ་སྣ་དགུ་བཏུལ།
།འདུལ་བ་དྲུག་དང་སུམ་ཅུ་སོ་དྲུག་གིས།
།འཇིག་རྟེན་དྲེགས་པ་ཅན་རྣམས་བཏུལ།
།ནད་མུག་མཚོན་དང་མེ་ཆུ་རླུང་།
།ས་གཡོས་པ་དང་ཐོག་འབེབས་པ།
།འཇིགས་པ་བརྒྱད་ལས་འཁོར་རྣམས་སྐྱོབས།
།སྟོན་པའི་སྐུ་ནི་བྱེ་བར་སྤྲུལ།
།བདུད་ནི་གར་ཡིན་མ་ཤེས་དང་།
།སྟོན་པའི་བ་སྤུ་བུ་ག་ནས།
།ཁྲོ་འགྱེད་སྤྲུལ་པ་བྱེ་བ་སྤྲོས།
།བདུད་རྣམས་སྤ་བཀོང་བགེགས་རྣམས་སྐྲག
[200]།མེ་འོབས་པད་མའི་ཚལ་དུ་བསྒྱུར།
།བདུད་ཀྱི་མདའ་འཕང་མེ་ཏོག་གྱུར།
།རྫུ་འཕྲུལ་དག་གི་ཆོ་འཕྲུལ་ལོ།
།རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི།
།འཕྲོག་མ་ལྔ་བརྒྱ་རྩ་གཅིག་ལ།
།ཆང་བུ་བྱིན་ཏེ་ཤ་ཁྲག་ནི།
།མི་ཟ་བ་ཡི་སྡོམ་པ་ཕོག
།སྟག་མོ་ལྔ་ལ་བརླ་ཤ་བྱིན།
།ཕྱིས་ནི་འབྲོག་གནས་ལྔ་རུ་གྱུར།
།འོལ་མོ་གླིང་དུ་བཀོད་པ་རྫོགས།
།འཕང་གསལ་བདུད་རི་བོན་རིར་སྒྱུར།
།ཁྱུང་ལུང་དངུལ་མཁར་བརྩེགས་པ་དང་།
།ལྷ་རི་གྱང་དོར་བསྟན་པ་བཞག
།བསྟན་པ་བཞག་པའི་ཆོ་འཕྲུལ་ནི།
།སྐུ་གཟུགས་ཞལ་སྐྱིན་སྐུ་ཡི་རྟེན།
།གསུང་རབ་འབུམ་སྡེ་གསུང་གི་རྟེན།
།སྐུ་གདུང་རིང་བསྲེལ་ཐུགས་ཀྱི་རྟེན།
།འགྲོ་དོན་བསྟན་པ་རྣམ་གསུམ་བཞག་པ་འོ།
།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
ཆོ་འཕྲུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz