[201]།།དེ་ནས་སྟོན་པ་གཤེན་རབ་ལ།
།གཤེན་བུ་རྐོང་ཚས་ཞུས་པ་ནི།
།ཨེ་མ་སྟོན་པ་བདེ་བར་གཤེགས།
།དུས་གསུམ་བདེར་གཤེགས་འབྱུང་བའི་གནས།
།གཤེན་རབ་ཞིང་ཁམས་བཀོད་པ་ནི༑
༑ཇི་ལྟར་ལགས་པར་བཤད་དུ་གསོལ།
།ཅེས་ཞུས་སྟོན་པས་བཀའ་བསྩལ་བ།
།ཀྱེ་མ་མདོ་སྡུད་ལ་སོགས་འཁོར།
།སྣང་མེད་ནམ་མཁའ་བོན་སྐུའི་ཞིང་།
།སྟོང་གསུམ་མཐའ་མཉམ་ལོངས་སྐུའི་ཞིང་།
།འཛམ་གླིང་བྱེ་བ་ཕྲག་བརྒྱ་སྤྲུལ་སྐུའི་ཞིང་།
།འོག་མིན་ས་བཅུའི་འོལ་མོའི་གླིང་།
[75]།སྐུ་གསུམ་ཞིང་ཁམས་བསམ་མི་ཁྱབ།
།གཤེན་ཡུལ་འོལ་མོ་ལུང་རིང་ནི།
།དཔག་ཚད་ལྔ་བཅུར་ཆུ་ཞེང་མཉམ།
།གླིང་བཞི་རི་རབ་ཚུལ་དུ་གྲུབ།
།ལྷོ་འཛམ་བུ་གླིང་གི་ནུབ་བྱང་ན།
།མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས།
།འཛམ་བུ་པྲིཀྵ་ཤིང་གི་རྩ།
།རི་བོ་གངས་ཅན་ཏི་སེའི་དྲུང་།
།མཚོ་ནི་མ་པང་གཡུ་མཚོའི་འགྲམ།
།ཆུ་བོ་ཆེན་པོ་[202]བཞི་འདུས་མགོ།
།རི་བོ་སྤོས་རི་ངད་ལྡན་ཉེ་བའི་ས།
།རི་ནག་པོ་དགུ་འདུས་ཀྱི་ར་བ་སྟེ།
།ཆུ་བོ་པཀྵུ་དང་ནི་སིནྡྷུས་བཅད་པ་སྟེ།
།དུས་གསུམ་སྟོན་པ་འབྱུང་བའི་ཞིང་།
།ངོ་མཚར་རྨད་དུ་བྱུང་པའི་གནས།
།ས་ནི་པད་མ་འདབ་བརྒྱད་འདྲ།
།བཀྲ་ཤིས་ཨུ་དུམ་ཝ་ར་སྐྱེས།
།རི་ནི་གཡུང་དྲུང་དགུ་བརྩེགས་རི།
།གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ།
།ཉི་མ་དྲོ་ཞིང་ཟླ་བ་གསལ།
།ནམ་མཁའ་གཡུ་ཡི་ལྡིང་ཁང་གོ་འབྱེད་བྱེད།
།གླིང་བཞི་གླིང་ཕྲན་ལྕགས་རི་བཅས།
།དཔག་ཚད་སྟོང་དང་ལྔ་བརྒྱས་བསྐོར།
།དབུས་ནི་གཡུང་དྲུང་དགུ་བརྩེགས་རི།
།རིན་ཆེན་སྣ་བཞི་ལས་གྲུབ་པ།
།ཆུ་ཞེང་དཔག་ཚད་ལྔ་བཅུ་ཡོད།
།ཕྱི་རོལ་ཚལ་ཆེན་བཞི་ཡིས་བསྐོར།
།ཤར་ན་དགའ་བའི་ཚལ།
ལྷོ་ཕྱོགས་སྐྱེད་མོས་ཚལ།
ནུབ་ན་པད་མའི་ཚལ། བྱང་ན་རིན་ཆེན་ཚལ།
དེ་རྒྱབ་རོལ་བའི་མཚོ།
དེའི་ཕྱི་རོལ་གླིང་བརྒྱད་དེ།
[203]།ཤར་ན་ཤམ་པོ་ལྷ་རྩེ་ནི།
།རིན་ཆེན་རྣམ་པ་བརྒྱད་བཀྲ་བ།
།ལྕགས་རི་དཔག་ཚད་བདུན་གྱིས་བསྐོར།
།ཕོ་གླིང་མོ་གླིང་སྟོན་པ་གཤེན་རབ་གནས།
།གཅུང་རྨ་ལོ་གཡུ་ལོ་འཁྲུངས་སའོ།
།ལྷོ་ན་བར་པོ་སོ་བརྒྱད་ནི།
།བཻཌཱུརྻ་རིན་ཆེན་སྣ་ལྔ་བཀྲ།
།ལྕགས་རི་དཔག་ཚད་བདུན་གྱིས་བསྐོར།
།ཡབ་མྱེས་རྒྱལ་པོན་ཐོད་དཀར་ཁབ།
།སྟོན་པ་གཤེན་རབ་སྐུ་འཁྲུངས་ས།
།ནུབ་ན་ཁྲི་སྨོན་རྒྱལ་བཞད་ནི༑
༑པད་མ་ར་ག་ཟངས་ལས་གྲུབ།
།རིན་ཆེན་གཞི་བཀྲ་དཔག་ཚད་བདུན།
།ཧོས་ཟ་རྒྱལ་མེད་དེ་ཡི་ཁབ།
།གཏོ་བུ་དཔྱད་བུ་འཁྲུངས་པའི་ས།
།བྱང་ན་ཁོ་མ་ནེའུ་ཆུང་ནི།
།ཨིནྡྲ་ནཱི་ལ་གཡུ་ལས་གྲུབ།
།རིན་ཆེན་གསེར་གྱི་ས་གཞི་བཀྲ།
།ལྕགས་རི་དཔག་ཚད་བདུན་གྱིས་བསྐོར།
།དཔོ་ཟ་ཐང་མོའི་གླིང་སྟེ།
།སྲས་ནི་ལུང་འདྲེན་[204]རྒྱུད་འདྲེན་དང་།
།གཤེན་ཟ་ནེའུ་ཆུང་འཁྲུངས་སའོ།
།ཤར་ལྷོ་བདེ་བ་རང་གྲུབ་ནི།
།དཔག་ཚད་གསུམ་པ་ཤེལ་ལས་གྲུབ།
།བདེ་གཤེགས་སྟོང་གི་གསུང་དང་ནི།
།ཤེལ་གྱི་ཚ་ཚ་སྟོང་བཞུགས་སོ།
།ལྷོ་ནུབ་ཐུགས་རྗེ་འབྱུང་བ་ནི།
།དཔག་ཚད་གསུམ་པ་ཁྲོ་ཆུ་སྟེ།
།འདྲེ་སྲིན་སྟོང་ལ་རྨིང་རྡོ་བྱས།
།ནུབ་བྱང་རྣམ་དག་དཀར་པོ་ནི།
།དཔག་ཚད་གསུམ་པ་ཤེལ་ལས་གྲུབ།
།རིན་པོ་ཆེའི་གཏེར་ཆེན་ཡོད།
།བྱང་ཤར་གཤེན་རབ་སྐུ་ཚད་ནི།
།རིན་ཆེན་[76]བཻཌཱུརྻ་སྔོན་པོས་གྲུབ།
།དཔག་ཚད་གསུམ་པ་རང་བྱུང་གི
།བུམ་པར་གཤེན་རབ་སྐུ་བཞུགས་སོ༑
༑གསེར་ལ་བྱས་ཏེ་འོད་འབར་རོ།
།དེ་རྒྱབ་རི་རབ་རི་བདུན་ཏེ།
།རིན་ཆེན་ལྔ་དང་ཆུ་སྟེ་དྲུག
།རྩི་ཤིང་པད་མའི་ར་བ་འོ།
།དེ་རྒྱབ་གླིང་ཆེན་བཅུ་གཉིས་སྟེ།
།ཤར་ན་གཡུང་དྲུང་བཀོད་པའི་གླིང་།
།རིན་ཆེན་བཞི་བཀྲ་མཛེས་པ་སྟེ།
།འོད་ཀྱི་ལྷ་རི་སྤོ་[205]མཐོན་ཡོད།
།ཨར་མོ་ལི་ཀའི་རྡོ་ལེབ་དང་།
།རིན་ཆེན་ཁྲུས་ཀྱི་རྫིང་བུ་དང་།
།དཔག་བསམ་ཤིང་གི་ལོ་བཟང་དང་།
འདོད་ཞོ་འབྱུང་བའི་བ་མོ་དང་།
།མ་རྨོས་འབྲས་བུའི་ལོ་ཏོག་དང་།
།རིན་ཆེན་གཞི་བཀྲ་སྟོན་པའི་གདན།
།ཙན་དན་ཤིང་གི་སྡོང་བོ་དང་།
།བཀྲ་ཤིས་རྟགས་ཀྱི་རྫས་བརྒྱད་དང་།
།རྒྱལ་རྟགས་རིན་ཆེན་སྣ་བདུན་དང་།
།གསལ་བ་ཧོས་ཀྱི་འོད་གུར་དང་།
།འཇའ་ཚོན་རིས་ཀྱི་རྒྱབ་ཡོལ་རྣམས།
།སྟོན་པའི་ལོངས་སྤྱོད་རྒྱ་ཆེན་ཡོད།
།གཡས་ན་དགའ་ལྡན་ལྷ་ཡི་གླིང་།
།ངོ་མཚར་བཀོད་པ་ལྡན་པ་དང་།
།སྟོན་པས་ལྷ་ལ་བོན་བཤད་ས།
།གཡོན་ན་འདུལ་བ་ཁྲིམས་ཀྱི་གླིང་།
།རང་བྱུང་མཆོད་རྟེན་ཤིང་གིས་བརྒྱན།
།སྟོན་པས་ཁྱིམ་སྤངས་རབ་བྱུང་ནས།
།འདུལ་བ་རྒྱུད་དྲུག་དེར་བཤད་ས།
།ལྷོ་ན་ཚད་མེད་བྱང་ཆུབ་གླིང་།
།བཻཌཱུརྻ་ས་གཞི་མཛད་པ་ལས།
།གསེར་གྱི་མེ་ཏོག་པད་མ་བཀྲ།
།རང་རྒྱུད་ཚད་མེད་བཞི་སྦྱངས་གནས།
[206]།གཡས་ན་བདུད་འདུལ་སྔགས་ཀྱི་གླིང་།
།ཨ་དཀར་སྔགས་རྒྱུད་བཤད་པའི་ས།
།སྟོན་པས་བདུད་ནི་བཏུལ་བའི་ས།
གཡོན་ན་སྦྱིན་པ་མཐའ་རྒྱས་གླིང་།
།སྟོན་པས་རིགས་དྲུག་སྦྱིན་པས་བསྡུས།
།འོལ་མོ་གླིང་དུ་སྦྱིན་རྫོགས་ས།
།ནུབ་ན་མི་གཡོ་བསམ་གཏན་གླིང་།
།རིན་ཆེན་རིས་དྲུག་ནགས་ཚལ་བཀྲ་བ་ཡོད།
།སྟོན་པས་འཁོར་སྤངས་བསམ་གཏན་མཛད་ས་འོ།
།གཡས་ན་དགེ་རྒྱས་ཡོན་ཏན་གླིང་།
།མཆོད་སྦྱིན་ལོངས་སྤྱོད་བྱེད་པ་ཡི།
།བསོད་ནམས་དགེ་ཚོགས་བསགས་ས་འོ།
།གཡོན་ན་ཚད་མེད་བྱམས་པའི་གླིང་།
།བྱང་ཆུབ་སེམས་བསྐྱེད་བྱམས་པར་བསྐྱེད་ས་འོ།
།བྱང་ན་གནོད་སྦྱིན་ནོར་གྱི་གླིང་།
།གནོད་སྦྱིན་འཛམ་བྷ་ལ་གནས་སོ།
།གཡས་ན་དྲང་མ་སྤུངས་པའི་གླིང་།
།སྟོན་པ་ཁབ་ནས་བྱུང་ས་འོ།
།གཡོན་ན་རིན་ཆེན་སྤུངས་པའི་རི།
།ནོར་གྱི་སྦྱིན་པ་གཏོང་བ་སྟེ།
།སྟོན་པའི་སྐུ་ནི་འཆགས་ས་འོ།
།དེ་རྒྱབ་ཡན་ལག་བརྒྱད་ལྡན་མཚོ།
།མུ་ཁྱུད་[207]མཛེས་མཚོ་ཤིང་བསིལ་གྲིབ།
།དྲང་སྲོང་འགོག་པ་སྒོམ་པའི་གནས།
།དེ་རྒྱབ་གླིང་ནི་བཅུ་གཉིས་སྟེ།
།ཤར་རྒྱལ་རིགས་རྒྱལ་ས་འཛིན་པའི་གླིང་།
།ཆུ་བོ་ན་ར་ཛ་ར་འབབ།
།གཡས་སུ་གསེར་གླིང་གསེར་རྒྱུད་གནས།
[77]།གཡོན་དུ་ཟངས་གླིང་བཀྲ་ཤིས་གནས།
།ལྷོ་ཕྱོགས་རྗེའུ་རིགས་བཀོད་པའི་གླིང་།
།ཆུ་བོ་སི་ཏ་སིནྡྷུ་འབབ།
།གཡས་དྲང་སྲོང་འགྲོ་བ་འདུལ་བའི་གླིང་།
།རབ་བྱུང་མཆོད་རྟེན་སྟོང་དང་ལྡན།
།གཡོན་ན་བྲམ་ཟེ་མྱ་ངན་མེད་པའི་གླིང་།
།དུར་བུ་གླིང་དུ་མྱ་ངན་འདས་པའོ།
།ནུབ་ཕྱོགས་བྲམ་ཟེ་གཙང་བའི་གླིང་།
།ཆུ་བོ་གྱིམ་ཤང་ཕྱི་ནང་འབབ།
།གཡས་ན་བྲམ་ཟེ་ཧོས་མོ་གླིང་།
།རི་ནི་ཧོས་རུ་རྩེ་མཐོན་ཡོད།
།གཡོན་ན་འབྲི་མིག་དགུ་བསྐོར་བསྐོར་མཚོའི་གླིང་།
།སྟོན་པས་ཀླུ་ལ་བོན་བཤད་ས།
།བྱང་ན་རྨངས་རིགས་གདོལ་བའི་གླིང་།
།ཆུ་བོ་པཀྵུ་གཙང་པོ་[208]འབབ།
།གཡས་ན་སྟོབས་ཆེན་གྱད་ཀྱི་གླིང་།
།གཡོན་ན་གཙུག་རྗེ་རྒྱལ་པོའི་གླིང་།
།རི་ནི་གཙུག་རི་ཕྱུག་པོ་ཡོད།
།དེ་རྒྱབ་འཁོར་མོ་གླིང་གི་མཚོ།
།དེ་རྒྱབ་གླིང་ཆེན་བཅུ་དྲུག་ཡོད།
།ཤར་དུ་དམུ་ཨ་བ་ད་རའི་ཡུལ།
།གཡས་སུ་བྲག་སེང་གེ་བརྒྱད་བསྣོལ་ཕུག་པ།
།རི་ལྷ་རི་རྩེ་མཐོན་ཤེལ་གྱི་བྲག་ཕུག་བརྒྱ་རྩ་བརྒྱད་ཡོད་པ་བདུད་མ་དྲང་ཁ་ཆེན་བཏུལ་སའོ།
།གཡོན་དུ་འགྲོ་བ་འདུལ་བའི་མཆོད་རྟེན་བརྒྱ་རྩ་བརྒྱད།
།ཤར་ལྷོ་ན་ཡུལ་རྒྱ་ལག་འོད་མའི་གླིང་།
།རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོའི་གནས།
།ལྷོ་ན་ཡུལ་ཁྲི་ཏིང་འབྱམས་པ།
རིན་ཆེན་སྤུངས་རི་གཡས་ན་སྨྲ་མི་གྲོང་བདུན།
གཡོན་ན་ཡུལ་པྲ་མོ་ཁྲི་འོད་སྡིག་ཅན་མི་དགུ་དྲངས་པ།
ལྷོ་ན་རི་གཙུག་རུམ་འབར་བ།
ནུབ་ཕྱོགས་མཚོ་མུ་ལེ་སྟོང་ལྡན་འགྲམ།
གྲོང་ཁྱེར་ཆེན་པོ་ལང་ལིང་ནས།
རྒྱལ་པོ་ས་ལ་གནས་པ་འོ།
།གཡས་ན་[209]རྒྱལ་མོ་མོ་ཁྲིམས་གླིང་།
།གཡོན་ན་མཁའ་འགྲོ་མི་རྐུན་གླིང་།
།ནུབ་བྱང་མིའམ་ཅི་ཡི་གླིང་།
།བྱང་ཕྱོགས་ཧོས་མོ་གླིང་དྲུག་སྟེ།
།ཧོས་དང་བ་ཡིད་རང་གནས།
།གཡས་སུ་ཧ་ནུ་མན་ཐ་སྤྲེལ་གྱི་གླིང་།
།གཡོན་དུ་ཡུལ་པྲ་མོ་གླིང་དྲུག་གོ
།གཏོ་བུ་འཁོར་བ་དྲང་བ་འོ།
།བྱང་ཤར་དྷ་ལ་ཤེལ་གྱི་བྲག་ཕུག་གོ
།དེ་རྒྱབ་མུ་ཁྱུད་བདལ་བའི་མཚོ།
།ལྕགས་རི་དཔག་ཚད་སྟོང་དང་ལྔ་བརྒྱས་བསྐོར།
།ཟངས་རི་ནམ་མཁའ་འོལ་འོལ་སྟེ།
།གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ།
།ཤར་ན་ཡར་གཡེན་བཅུ་གསུམ་སྟེ།
།སྲིད་སྐོས་ཕྱྭ་དང་གསུམ།
དབལ་ཡོག་ཁྲིན་དང་གསུམ།
དམུ་བདུད་འཚམས་དང་གསུམ།
གཉེར་འོ་བཙན་དང་གསུམ།
གཉེན་པོ་ལྷ་དང་བཅུ་གསུམ་གནས།
ལྷོ་ནུབ་མཚམས་ན་བར་གཡེན་གཏོད་པོ་དགུ།
ཉི་ཟླ་གཟའ་སྐར་གསུམ།
སྤྲིན་[210]གཞའ་དལ་དང་གསུམ།
ཟེར་ལོ་རྫི་དང་གསུམ།
ནུབ་བྱང་ཕྱོགས་ན་ས་གཡེན་ཆེ་བ་བཅུ་གཅིག་སྟེ།
ས་བདག་ཀླུ་གཉན་གསུམ།
འདྲེ་སྲིན་བྱུར་དང་གསུམ།
སྨན་གཟེད་སྲིད་དང་གསུམ།
གཤིན་རྗེ་ཆུད་དང་བཅུ་[78]གཅིག་གནས་སོ།
།རི་ནི་གཡུང་དྲུང་དགུ་བརྩེགས་རི།
།ཕྱོགས་བཞིར་གྲོང་ཁྱེར་ཕོ་བྲང་བཞི།
།ཕྱི་རོལ་ར་བ་རིམ་བདུན་དང་།
།རིན་ཆེན་སྣ་ལྔ་མཛེས་པ་ཡོད།
།ཤིང་འཇའ་ཚོན་འོད་འབར་ར་བ་བདུན།
།གསེར་དང་དངུལ་གྱི་མདའ་ཡབ་དང་།
།རིན་ཆེན་འཕྲ་རྩིག་དར་བུ་ཁད།
།མུ་ཏིག་དྲ་བ་དྲ་ཕྱེད་སྤྲས།
།མེ་ཏོག་ཨུད་འབར་བཀྲ་བ་དང་།
།རིན་པོ་ཆེ་ཡི་རྫིང་བུ་བཞི།
།བྱ་ཡི་སྐད་སྙན་མཛེས་པ་དང་།
།རིན་ཆེན་བཞི་བཀྲ་སྒོ་བཞི་མཛེས།
།རིན་ཆེན་སྐས་དང་རྟ་བབས་མཛེས།
།གྲོང་གི་བཞི་མདོ་ཆེན་པོ་བཞིར།
།གཤེན་རབ་འདུན་ས་ཚལ་ཆེན་བཞི།
།གསེར་དངུལ་[211]ཤེལ་དང་བཻཌཱུརྻ།
།ཁྲི་བརྩིག་དར་གྱི་འབོལ་གདན་བཏིངས།
།དར་ཚོན་མཛེས་པའི་སྤོད་དང་བཅས།
།འཇའ་ཚོན་སྣ་ལྔའི་རྒྱབ་ཡོལ་བཅས།
།གསལ་བ་འོད་ཀྱི་ཧོས་གུར་ཕུབ།
།མེ་ཏོག་མཛེས་པའི་རྒྱང་འཕན་བཀྲ།
།སིལ་སྙན་སྒྲ་སྒྲོགས་སྤོས་དང་ལྡན།
།དེ་ནི་སྟོན་པས་བོན་བཤད་པ།
།ཧོས་སྒོ་མཛོད་ལྔ་འབྱུང་སའོ།
།གསས་ཆེན་རུ་བཞི་བྱོན་སའོ།
།དེ་ནས་གཉེན་ཕྲན་སྟོང་དང་ལྔ་བརྒྱ་དང་།
།ཧོས་དང་ལྷ་མི་བྱེ་བ་རྣམས།
།སྟོན་པའི་བཀའ་ལུང་རིན་པོ་ཆེ།
།ལུང་བསྟན་ཁ་ཐོན་བྱེད་པ་དང་།
།ཡི་གེ་བྲིས་དང་ཉན་བསམ་བྱེད།
།ཡིད་ལ་བྱེད་དང་དོན་ལ་རྟོགས།
།ཧོས་ཀྱི་སྒོ་མོ་བསླབ་སའོ།
།འོལ་མོ་གླིང་གི་སེམས་ཅན་རྣམས།
།ལོག་པར་མི་བཏུབ་བོན་ལ་སྤྱོད།
།དགེ་ལ་སྤྱོད་པ་ཤ་སྟག་སྟེ།
།ཀུན་ཀྱང་བླ་མེད་རྫོགས་སངས་རྒྱས།
།རི་ནི་གཡུང་དྲུང་དགུ་བརྩེགས་རི།
[212]།བདེར་གཤེགས་ཀུན་གྱིས་བྱིན་བརླབས་གནས།
།རང་བྱུང་རིན་ཆེན་ལྔ་ལས་གྲུབ།
།དེར་ནི་གང་གནས་འགྲོ་བ་རྣམས།
།ནད་མུག་མཚོན་གསུམ་མེ་ཆུ་རླུང་།
།མེ་བདུན་ཆུ་གཅིག་འཇིག་དང་བྲལ།
།དེ་ནས་ཕྱི་རོལ་ཕོ་བྲང་བཞི།
།ཐར་བ་ཐོབ་པའི་གྲོང་ཆེན་ཡིན།
།ཞིང་མཆོག་འོལ་མོ་ལུང་རིང་འདིར།
།སྟོན་པ་བདེར་གཤེགས་སྟོང་འབྱུང་ངོ་།
།གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
སྟོན་པ་གཤེན་རབ་ཞིང་གི་བཀོད་པ་འོལ་མོ་གླིང་བཀོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz