།།དེ་ནས་སྟོན་པ་གཤེན་རབ་ལ།
ཧོས་དང་པ་ཡིད་རིང་གིས་ཞུས་པའི་མདོ།
དེ་ནས་སྟོན་པ་གཤེན་རབ་ཉིད་ཡབ་རྒྱལ་པོན་ཐོད་དཀར་ལ།
རིན་པོ་ཆེའི་ན་བཟའ་ཕུལ།
ལྷའི་ཞལ་ཟས་ཕུལ་བྱས་སྟེ།
ཡབ་མྱེས་རྒྱུད་ཀྱི་བོན་རྣམས་ཉོན།
།སྨྲང་རྒྱུད་འབུམ་ལ་མཁས་པར་གྱུར།
།དེ་ནས་གཅུང་པོ་རྨ་ལོ་གཡུ་ལོ་འཁྲུངས།
།བཀྲ་ཤིས་ཞལ་སྲོས་མཛད་པ་ལ།
།ཤར་ཕྱོགས་གླིང་ནས་སྐྱེས་བུ་གཅིག
།སངས་པོ་འབུམ་ཁྲིའི་སྤྲུལ་པ་སྟེ།
།གཤེན་ཟ་ངང་རིང་མ་ཡི་སྲས།
།ཡིད་ཀྱི་ཁྱེའུ་ཆུང་རྫུ་འཕྲུལ་ཅན།
[60]།ཡི་གེ་འཕྲུལ་སླག་སྐུ་ལ་གྱོན།
།སྐོས་ཀྱི་ཆགས་ཤིང་ཕྱག་ན་བསྣམས།
།འབྲུག་རྟ་སྔོན་པོ་ཆིབས་སུ་བཅིབས།
།སྟོན་པའི་མདུན་དུ་ཤར་གྱིས་བྱུང་།
།ལྷ་ཕྱག་འཚལ་ནས་ཆགས་ཤིང་ཕུལ།
།ཨེ་མ་སྟོན་པ་ཐམས་ཅད་མཁྱེན།
།མི་ཤེས་མུན་སེལ་ཡེ་ཤེས་སྒྲོན།
།གསལ་བའི་འོད་ལྡན་ཡེ་ཤེས་སྤྱན།
།འགྲོ་དོན་གཟིགས་ལ་ཕྱག་འཚལ་ལོ།
།བདག་ནི་ཡིད་ཀྱི་ཁྱེའུ་ཆུང་ཡིན།
།གཤེན་རབ་ཚངས་པ་ཕྱྭ་ཡི་རྒྱུད།
།སངས་པོ་འབུམ་ཁྲིའི་སྤྲུལ་པ་སྟེ།
།འགྲོ་བ་འདྲེན་པའི་ཐར་ལམ་ཅན།
།བདག་ལ་ཐར་བའི་ལམ་སྟོན་ཞུ།
།ཞེས་ཞུས་སྟོན་པས་བཀའ་བསྩལ་བ།
།ཡིད་ཀྱི་ཁྱེའུ་ཆུང་ཐུགས་རྗེ་ཅན།
།ཐབས་ཀྱི་སྤྲུལ་པའི་རྫུ་འཕྲུལ་ལྡན།
།འགྲོ་བ་འདྲེན་པ་ཐར་བའི་བོན།
།གཡུང་དྲུང་མི་འགྱུར་སྙིང་པོ་ལོངས།
།ཐེག་པ་ཆེན་པོའི་བོན་ལ་སྤྱོད།
།ལུང་འདྲེན་རྒྱུད་འདྲེན་གྲོལ་བར་གྱིས།
[61]
[25]།རྒྱལ་པོ་ཧོས་ཀྱི་འགྲོ་དོན་སྤྱོད།
།འགུ་ལིང་མ་ཏིས་སྒྲིབ་པ་སྦྱངས།
།དེ་ནས་ཐོགས་མེད་མངོན་སངས་རྒྱས།
།ཞེས་གསུངས་ལུང་བསྟན་རབ་ཏུ་ཐོབ།
།དེ་རྗེས་ནུབ་ཕྱོགས་གླིང་ནས་ནི།
།རྒྱལ་པོ་འཁོར་ཚོགས་མངོན་དུ་བྱོན།
།ལྷ་རྟ་དཀར་པོ་སྟོན་པར་ཕུལ།
།ལྷ་ཕྱག་འཚལ་ནས་ཞུས་པའི་མདོ།
།ཨེ་མ་སྟོན་པ་ལྷ་མིའི་གཙོ།
།བདག་ནི་རྒྱལ་པོ་ཧོས་ཀྱི་རིགས།
།དང་བ་ཡིད་རིང་བྱ་བ་ལགས།
།ཡུལ་ཧོས་མོ་གླིང་དྲུག་དག་ནས་འོངས།
།རྒྱུ་ལས་དང་པས་སེམས་བསྐྱེད་དེ།
།ལམ་དུ་ཚོགས་བསགས་སྒྲིབ་སྦྱང་ཕྱིར།
།སྟོན་པ་གཤེན་རབ་གདན་འདྲེན་འོངས།
།ཡུན་གྱི་མཆོད་གནས་དག་དུ་ཞུས།
།སྟོན་པས་ཐུགས་རྗེས་འཛིན་པར་ཞུ།
།ཞེས་ཞུས་སྟོན་པས་བཀའ་བསྩལ་བ།
།ཀྱེ་མ་རྒྱལ་པོ་དད་པ་ཅན།
།བདག་ནི་བར་པོ་སོ་བརྒྱད་དུ།
།བཀྲ་ཤིས་ཞལ་སྲོས་བྱེད་པ་ཡི།
།ང་དང་འདྲ་བའི་སློབ་[62]བུ་གཅིག
།རྒྱལ་པོའི་མཆོད་ནས་ལོ་གསུམ་གྱིས།
།ཞེས་གསུངས་ཡིད་ཀྱི་ཁྱེའུ་ཆུང་།
།ཚུལ་བཟང་སྨྲ་མཁན་ཁྱེའུ་ཆུང་ཁྱོད།
།གཡུང་དྲུང་གཙུག་གཤེན་རྒྱལ་བ་སྟེ།
།ཧོས་རྒྱལ་དང་བ་ཡིད་རང་གིས།
།ལོ་གསུམ་ཚོགས་བསགས་མཆོད་གནས་གྱིས།
།ཞེས་གསུངས་ཁྱེའུ་ཆུང་ཞལ་ནས་ནི།
།སློབ་དཔོན་ལྷའི་བཀའ་བྱུང་ན།
།དམྱལ་བར་གཏོང་ཡང་ཆ་སེམས་མེད།
།བདེན་པའི་བཀའ་བསྩལ་སྟོན་པའི་བཀའ།
།བདུད་དང་སྲིན་པོས་མི་གཅོག་ན།
།རང་གི་སྲོག་ལ་བབས་གྱུར་ཡང་།
།སློབ་དཔོན་བཀའ་བཅག་མི་སྲིད་པས།
།བདག་ནི་སྟོན་པའི་གསུང་ལྟར་བགྱི།
།ཞེས་གསུངས་འབྲུག་རྟ་སྟོན་པར་ཕུལ།
།ཤིང་རྟ་འཁོར་ལོ་ཆིབས་སུ་བཅིབས།
།ཁྱེའུ་ཆུང་ཧོས་མོ་གླིང་ལ་གཤེགས།
།ཆུ་བོ་གྱིམ་ཤང་བྱ་ལྟར་བརྒལ།
།ཡུལ་ནི་ཧོས་མོ་གླིང་དྲུག་བྱོན།
།མཁར་ནི་འབར་བ་རྩེ་དགུ་ནས།
།རྒྱལ་པོའི་འཁོར་གྱིས་[63]བསུ་བ་བྱས།
།ཚོགས་བསགས་བསྙེན་བཀུར་དགའ་སྟོན་བྱས།
།དེ་ནས་གཡུང་དྲུང་གཙུག་གཤེན་རྒྱལ་བ་དེ།
།ཀ་དྷ་ཤེལ་གྱི་བྲག་ཕུག་ཏུ།
།ལོ་གསུམ་ཧོས་ཀྱི་བླ་མཆོད་བྱས།
།ཧོས་འཁོར་ཁྲིམས་དམག་སོང་བའི་ཚེ།
།བཙུན་མོ་འགུ་ལིང་མ་ཏི་མས།
།སློབ་དཔོན་གཅིག་པུ་དྲོ་ལ་དྲངས།
།དྲོ་གསོལ་བསྔོ་བ་བྱས་པ་ནི།
།བདག་གཡུང་དྲུང་གཙུག་གཤེན་རྒྱལ་བ་ངས།
།དཔང་པོ་མེད་པར་དྲོ་མི་གསོལ།
།དེ་རིང་དཔང་མེད་དྲོ་གསོལ་བའི།
།དཔང་པོ་དྲང་སྲོང་ནེ་ཙོས་གྱིས།
།འདོད་ཆགས་དུག་གི་རུ་མ་ཡིན།
།འཁོར་བའི་སྡུག་བསྔལ་སྐྱེད་ཤིང་སྟེ།
།སྒྱུ་མའི་ལུས་ཀྱི་ཆགས་པ་སྤང་།
།ཞེས་བརྗོད་སློབ་དཔོན་བྲོས་ནས་སོང་།
།བཙུན་མོས་རང་གི་སྐྲ་བལ་ནས།
།རྒྱལ་པོ་ལ་ནི་ཕྲ་མ་སྨྲས།
།ཁྱོད་ཀྱི་བླ་མཆོད་ཚོད་མེད་དེ།
།དྲོ་དྲངས་དུས་[26]སུ་ང་ལ་འཇུས།
།སྐྱེངས་ནས་ཁོ་བདག་བྲོས་སོ་ཟེར།
།རྒྱལ་པོས་སློབ་དཔོན་བཞེད་པ་ན།
།འགུ་ལིང་[64]མ་ཏི་འབུལ་དགོངས་ཚེ།
།དྲང་སྲོང་ནེ་ཙོས་སྨྲས་པ་ནི།
།ཧེ་ཧེ་དང་བ་ཡིད་རིང་ཀྱེ།
།ཧོས་ཁང་ནང་དུ་ཧོས་རུ་ཅན།
།བཙུན་མོས་དྲོ་ནི་དྲངས་དུས་སུ།
།ང་ལ་འབྲས་ཆན་བྱིན་ནས་ནི།
།བདག་གཡུང་དྲུང་གཙུག་གཤེན་རྒྱལ་བ་ནི།
།དཔང་པོ་མེད་པར་དྲོ་གསོལ་ན།
།དཔང་པོ་དྲང་སྲོང་ནེ་ཙོས་གྱིས།
།ཟེར་ནས་གཅིག་པུར་གཤེགས་ཀྱིས་ཐལ།
།བཙུན་མོ་གཅིག་པུར་སྐྲ་བལ་ཞིང་།
།གོས་ནི་རང་གི་སེན་མོས་བཀྲལ།
།མ་ཉེས་དཔང་པོ་ནེ་ཙོ་ཡོད།
།རྒྱལ་པོ་བཙུན་མོའི་རྫུན་ལ་བདེན་པ་མེད།
།དྲང་པོ་འཇིག་རྟེན་ཀུན་ཏུ་བདེན།
།གཡོ་སྒྱུ་གྱ་གྱུས་མཛའ་བཤེས་བསླུ།
།ཞེས་ཟེར་ནེ་ཙོ་འཕུར་ནས་སོང་།
།དེར་རྒྱལ་པོ་སློབ་དཔོན་གཙུག་རུམ་འབར་འཚོལ་དུ་གཤེགས།
།ལམ་དུ་གསེར་མགར་ཞིག་ལ་དྲོ་བསླངས་ཚེ།
།གསེར་སྦྲམ་རྒན་མོས་བརྐུས་དེ་བསྐུངས།
།ད་ཅི་དྲོ་གསོལ་བཙུན་པས་ཁྱེར་རོ་ཞེས།
།སློབ་དཔོན་དག་ལ་གླེང་བཏབ་སྟེ།
།མགར་བས་མགར་གྲི་ཕྱུང་ནས་ལངས།
[65]།མགར་བའི་མིག་ལ་ཧོས་རུ་དྲུད།
།མགར་བའི་མིག་གིས་མངོན་ཤེས་གྲུབ།
།མགར་མོས་གསེར་སྦྲམ་བརྐུས་པ་མཐོང་།
།ཧོས་རུས་མགར་གྲིར་ཏིག་ཏིག་བྱས།
།ང་ནི་གཙུག་གཤེན་རྒྱལ་བ་ཡིན།
།ངས་བཙུན་མོ་འགུ་ལིང་མ་ཏི་ལ།
།མི་ཚངས་པར་ཡང་མ་སྤྱད་ན།
།མགར་བ་ཁྱོད་ཀྱི་གསེར་སྦྲམ་ལ།
།མ་བྱིན་པར་ཡང་མ་བླངས་ན།
།མགར་གྲི་གྱེ་བོ་གསེར་དུ་ཤོག
།ཅེས་བརྗོད་མགར་གྲི་གསེར་དུ་གྱུར།
།མགར་བས་ཕྱི་ཕྱག་འཚལ་ནས་ལོག
།འཕྲུལ་མགར་གུང་ཆུང་ཁྱོད་ཉིད་ནི།
།རྒྱལ་པོ་ཧོས་ནི་ང་བདའ་དང་འཕྲད་པ་ན།
།སློབ་དཔོན་གཙུག་གཤེན་རྒྱལ་བ་ནི།
།རི་གཙུག་རུམ་འབར་བའི་ནགས་ཚལ་དུ།
།བྱ་ཁྲ་གཟན་ལ་འཇུམས་བཞིན་ནི་ཐལ།
།གྱིམ་ཤང་ཆུ་ལ་བྱ་ལྟར་ལྡིང་ནས་ཐལ།
།ཐལ་ལོ་ཞེས་ཅི་འཕྲིན་སྨྲས་སོ་གསུངས།
།ཞེས་གྱིས་གསང་ནས་དེ་བྱས་པས།
།ཆུ་བོ་གྱིམ་ཤང་འགྲམ་ནས་ནི།
[66]།རྒྱལ་པོ་འཁོར་ཚོགས་ཕྱིར་ལ་ལོག
།བཙུན་མོས་གླེང་བཏབ་ཉེས་པ་ཡིས།
།འགུ་ལིང་མཛེ་ཡི་མ་ཏི་ཀླུ་ཡིས་ཟིན།
།དེ་ལ་གཙུག་གཤེན་སྙིང་པོ་ཐུགས་རྗེ་སྐྱེས།
།དྲང་སྲོང་ནེ་ཙོའི་རྣམ་འཕྲུལ་དང་།
།མོ་མ་ཀུན་ཤེས་ཐང་པོ་བཏང་།
།བཙུན་མོ་འགུ་ལིང་མཛེས་ཟིན་པས།
།གཡུང་དྲུང་གཙུག་གཤེན་རྒྱལ་བ་ལ།
།གླེང་བཏབ་ཉེས་པས་ཀླུ་ཡིས་ཟིན།
།མཛེ་ནད་རབ་ཏུ་མི་བཟད་པ།
།དེ་ལ་ཕན་ཅིང་བསོད་པའི་ཐབས།
།སྟོན་པ་གཤེན་རབ་གདན་དྲངས་ནས།
།ཚོགས་བསགས་སྒྲིབ་པ་སྦྱངས་ན་ཕན་ནོ་ཟེར།
།དེར་སྟོན་པ་འཁོར་བཅས་[27]གདན་དྲངས་ནས།
།སྟོན་པས་འགུ་ལིང་མ་ཏི་ལ།
།ཁྱོད་ཀྱིས་གཙུག་གཤེན་རྒྱལ་བ་ནི།
།སྤྱན་དྲངས་ཚོགས་བསགས་ལྷ་ཕྱག་འཚོལ།
།སྤྱན་སྔར་ཉེས་པ་བཤགས་ན་བྱང་།
།དེ་མིན་ཀླུ་ཡིས་གཏོང་མི་འགྱུར།
།ཞེས་གསུངས་ཀུན་ཤེས་ཐང་པོ་ཡིས།
།གཙུག་གཤེན་རྒྱལ་བ་སྤྱན་དྲངས་ཏེ།
།ཉེས་[67]པ་བཤགས་སྦྱང་ཤིན་ཏུ་བྱས།
།ལྷ་མོ་སུམ་བརྒྱར་ཕྱག་འཚལ་ཏེ།
།ཚོགས་བསགས་ལས་ངན་མཛེ་ནད་སོས།
།དེར་བཙུན་མོས་རིན་ཆེན་གཅལ་བཀྲམ་ཕུལ།
།ཧོས་རྒྱལ་དང་པ་དགའ་མགུ་ནས།
།བུ་མོ་ཧོས་ཟ་རྒྱལ་མེད་མ།
།རིན་ཆེན་རྒྱན་གྱིས་བཏབ་ནས་ནི།
།སྟོན་པ་གཤེན་རབ་ཁབ་ཏུ་ཕུལ།
།བྲམ་ཟེ་བློ་གསལ་མཚན་བལྟས་ནས།
།མཚན་བཟང་བཀྲ་ཤིས་ལེགས་སོ་བརྗོད།
།ཁྲི་སྨོན་རྒྱལ་བཞད་དག་ཏུ་བྱོན།
།དགའ་སྟོན་ལྷ་གསོལ་ཆེ་རུ་བྱས།
།སྲས་ནི་གཏོ་བུ་འབུམ་སངས་དང་།
།དཔྱད་བུ་དེ་ནི་ཁྲི་ཤེས་འཁྲུངས།
།བུ་མོ་གཤེན་ཟ་ནེའུ་ཆེན་འཁྲུངས།
།དེ་ནས་ཡིད་ཀྱི་ཁྱེའུ་ཆུང་གིས།
།འབྲུག་རྟ་སྔོན་པོ་ཆིབས་སུ་བཅིབས།
།མྱུར་མགྱོགས་རྫུ་འཕྲུལ་ལྕག་གིས་བྲབས།
།གློག་འགྱུ་སྐད་ཅིག་ཇི་བཞིན་པར།
།གསས་ཆེན་རུ་བཞི་གདན་ཡང་དྲངས།
།ཤར་ནས་གར་གསས་བཙན་པོ་བྱོན།
[68]།བྱང་ནས་རྒོད་གསས་ཁམ་པ་བྱོན།
།ནུབ་ནས་གསས་རྗེ་རྨང་པོ་བྱོན།
།ལྷོ་ནས་གནམ་གསས་ཁྱུང་རུམ་བྱོན།
།བར་པོ་སོ་བརྒྱད་ཕྱོགས་བཞི་རུ།
།བཀའ་རྟགས་རྔ་གཤང་དུང་གླིང་བཞི།
།རང་བཞིན་མཁའ་ནས་གནམ་བབས་བྱུང་།
།ས་གདུགས་བླ་རེས་རྒྱལ་མཚན་བཞི།
།འཁོར་ལོ་དཔལ་བེའུ་དུང་དང་ཉ།
།པད་མ་བུམ་པ་རྒྱལ་མཚན་གདུགས།
།རིན་ཆེན་སྣ་བདུན་གཏེར་དང་བརྒྱད།
།མེ་ཏོག་མཛེས་དགུ་ཆར་དུ་བབས།
།སྒོ་བཞི་མཛོད་ལྔ་ཀློག་བཤད་མཛད།
།དེ་ནས་གསས་ཆེན་རུ་བཞི་ཡིས།
།གར་རྟ་འཕྱོ་བ་དུང་གི་མདོག
།རྒོད་རྟ་ལྡིང་བ་གསེར་ལོ་དང་།
།གསས་རྟ་བང་ཆེན་མཚལ་བུ་དང་།
།གནམ་རྟ་གྱི་ལིང་འགྲོས་པོ་ཆེ།
།སྟོན་པ་གཤེན་རབ་བཅིབ་པར་ཕུལ།
།དེ་ཚེ་སྟོན་པའི་ཞལ་ནས་ནི།
།བོན་ནི་སྒོ་བཞི་མཛོད་དང་ལྔ།
།ཆབ་དཀར་སྔགས་རྒྱུད་ཕྱི་ནང་དང་།
།ཆབ་ནག་སྲིད་རྒྱུད་ཆེ་ཆུང་དང་།
།དཔོན་གསས་ལུང་རྒྱུད་ཆེ་ཆུང་དང་།
[69]།འཕན་ཡུལ་འབུམ་སྡེ་རྒྱས་བསྡུས་དང་།
།གཙང་མ་མཐོ་ཐོག་ཟས་དོན་མཛོད།
།གཟུངས་སོ་དག་ལ་འཛིན་ཤེས་ཀྱིས།
།གདགས་སྒོ་དག་ལ་མིང་ཡང་ཐོགས།
།གོ་ལམ་དག་ལ་དོན་གཉེར་མཛོད།
།ཅེས་བརྗོད་སྒོ་བཞི་མཛོད་ལྔ་གཏན་ལ་ཕབ།
།དེ་ནས་གུང་ལ་བྲག་སེང་གེ་བརྒྱད་བསྣོལ་དུ།
།བདུད་མ་ཊང་རུ་རིངས་བཏུལ།
།ཐོ་རངས་ཁྲི་སྨོན་རྒྱལ་བཞད་རྩེར།
[28]།རྒྱལ་པོ་ཧོས་ཀྱི་འགྲོ་དོན་རྫོགས།
།དེ་ནས་མགོན་བཙུན་ཕྱྭའི་ཡུལ་དུ།
།སྣང་ལྡན་གཡུང་རྩེ་བྱ་བ་རུ༑
༑ཡེ་ཤེས་ལྷའི་སྟོན་པ་ལ།
།འགྲོ་བ་འདུལ་བའི་བོན་རྣམས་ཞུས།
།དེ་ནས་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ།
།སྟོན་པས་འབྲུག་རྟ་སྔོན་པོ་བཅིབས།
།ལྷ་རྟ་ཀེ་རུ་སྙན་ཀར་ལ།
།གཏོ་སྒྲོ་དཔྱད་སྒྲོ་རྩིས་སྒྲོ་སྨན་སྒྲོ་དང་།
།ལྷོ་སྒྲོ་གཤེན་སྒྲོ་ཟུང་གསུམ་མ་དྲུག་བཀལ།
།རྔ་གཤང་དུང་གླིང་བཞི་དང་ཆས།
།གསས་ཆེན་རུ་བཞི་འདྲེན་སྟོན་བྱས།
།ཡིད་ཀྱི་ཁྱེའུ་ཆུང་[70]སྣ་འདྲེན་བྱས།
།སྲས་བུ་ཟུང་གསུམ་ཡ་དྲུག་དང་།
།མོ་མ་ཀུན་ཤེས་ཐང་པོ་ཡིས།
།བོན་གྱི་འཁོར་ལོ་ཕྱོགས་བཞིར་བསྐོར།
།གཏོ་དཔྱད་འབུམ་སྡེ་གཏན་ལ་ཕབ།
།དེ་ནས་འཛམ་བུ་གླིང་བཞི་རུ།
།སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ་ལས།
།བོན་སྐད་འགྱུར་མི་གཅིག་པ་རེ་རེ་བཞག
།སླར་ཡང་འོལ་མོ་གླིང་དུ་བྱོན།
།བར་པོ་སོ་བརྒྱད་མཁར་དུ་ཐམས་ཅད་ཀུན་འདུས།
།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
སྟོན་པ་གཤེན་རབ་མི་བོ་དང་།
རྒྱལ་པོ་ཧོས་དང་པ་ཡིད་རང་ཞུས་དོན་གྱི་མདོ།
ཧོས་ཟ་རྒྱལ་མེད་ཁབ་ཏུ་བཞེས་ནས་སྲས་འཁྲུངས་པའི་ལེའུ་སྟེ་དགུ་བའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz