wtorek, 15 stycznia 2019

(10) མདོ་འདུས་ལས། ལེའུ་བཅུ་པ། རྒྱལ་པོ་དཔོ་ཡི་འགྲོ་དོན་མཛད་ཅིང་དཔོ་ཟ་ཐང་མོ་ཁབ་ཏུ་བཞེས་པ།

།།དེ་ནས་ཤེས་རབ་ཕུལ་དུ་བྱུང་བའི། །སྟོན་པ་གཤེན་རབ་མི་བོ་དང་། །དཔོ་རྒྱལ་འབར་སྒྲོན་ཞུས་དོན་མདོ། །སྡིག་ཅན་མི་དགུ་དྲངས་བའི་ལེའུ། །སྟོན་པ་གཤེན་རབ་མི་བོ་ནི། །གནས་མཆོག་འོལ་མོ་ལུང་རིང་དུ། མེ་ཏོག་ཚལ་དུ་བཞུགས་ཤིང་། །སྲས་ནི་གཏོ་[71]བུ་འབུམ་སངས་དང་། །ཡབ་སྲས་མཇལ་ཅིང་བོན་བཤད་ཚེ། །ལྷོ་ཕྱོགས་གླིང་ནས་སྒྲ་སྙན་གྲགས། །དེ་ཚེ་རྒྱལ་པོ་འཁོར་ཚོགས་ཤིག །སྟོན་པའི་སྤྱན་སྔར་ཤར་གྱིས་ཕྱིན། །འདོད་པ་དགུ་འགྱུར་ནོར་བུ་ཕུལ། །ལྷ་ཕྱག་དགུ་འཚལ་འདི་སྐད་ཞུས། །འགྲོ་བའི་དཔལ་མགོན་གཤེན་རབ་མཆོག །འཇིག་རྟེན་སྒྲོན་མ་སྐྱེས་བུའི་ཕུལ། །རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས། །ཅིར་ཡང་སལེ་སྤྲུལ་བའི་སྐུ། །ཞལ་མཐོང་ཞུས་པའི་དོན་ཆེན་ནི། །བདག་ནི་རྒྱལ་པོ་དཔོ་ཡི་རིགས། །དཔོ་རྒྱལ་འབར་བའི་སྒྲོན་མ་ཅན། །ཡུལ་ནི་ཁྲི་ཏང་འབྱམས་པའི་གླིང་། །དགེ་བ་ཤ་སྟག་སྤྱོད་པའི་ས། །དེ་ཡི་ནུབ་གླིང་ཁྲིམས་བུ་ཆུང་། །རྒྱལ་པོ་འཕྲ་མོ་ཁྲི་འོད་དང་། །བཙུན་མོ་ཁྲི་བཙུན་གསལ་མོ་ལ། །རྒྱལ་བུ་ཁྲི་ཤང་བྱ་བ་[29]སྐྱེས། །རྒྱལ་བུ་མི་སོས་ནད་ཀྱིས་ཟིན། །མོ་མ་སྡིག་ང་སྡིག་ལུམ་བསྙགས། །མོ་མས་རྫུན་ལབ་འཕྲ་བཅུག་ནས། །རྒྱལ་བུ་ཁྲི་ཤང་གླུད་དུ་ནི། །བྲན་ཕྲུག་ཁྲི་ཤེས་བསད་དགོས་སྐད། །སྤ་གྱིམ་ཤང་གོང་གོང་བོན་པོར་བསྙགས། [72]།ཧ་དྷ་ནག་པོ་བསད་མི་བྱས། །རྒྱལ་བུ་ནད་པས་སྨྲས་པ་ནི། །ཕ་མ་ངན་པས་བདག་ལ་ཕན་དུ་རེ་བ་དང་། །མོ་བོན་རྫུན་མས་ཟ་འདོད་བྱས་པ་དང་། །ཧ་དྷ་ནག་པོ་ཤིན་དུ་གླེན་པ་དང་། །བྲན་ཕྲུག་དག་ལ་རང་དབང་མེད་པ་ཡིས། འདི་ལྟ་བུ་ལས་ངན་སྤྱད་པ་ཡི་རེ་མུག །མ་རིག་གཏི་མུག་མུན་པའི་རྒྱུ། །མོ་བོན་རྫུན་མའི་རྣམ་སྨིན་གྱིས། །རྒྱལ་བུ་ཁྲི་ཤང་ཤི་རྒྱུ་ལ། །སྡིག་ཅན་མི་དགུ་རོ་དགུ་བྱུང་། །དམག་མི་སུམ་སྟོང་ལས་དབང་གྱུར། །ཨེ་མ་ལས་ངན་མུན་བྱས་ཡི་རེ་མུག །ཅེས་སྨྲས་ཡི་མུག་སྐྱེས་པའི་དུས། །བྲན་ཕྲུག་དག་གིས་འདི་སྐད་དོ། །ཀྱེ་མ་སེམས་ཅན་སྐྱེས་ནས་ཤི་བ་ལ། །ཅི་སྟེ་མོ་བོན་བདེན་གྱུར་ནས། །རྒྱལ་བུའི་གླུད་དུ་ང་འགྲོ་ནས། །རྒྱལ་བུ་མི་ཤི་སོས་པ་ན། །བྲན་ཕྲུག་སྡུག་པ་ཤི་བ་རུང་། །ཞེས་པའི་ཚིག་ཀྱང་བརྗོད་དེ་འདུག །དེ་ལ་རྒྱལ་བུ་དག་གི་ཕ་མ་ཡིས། །བྲན་ཕྲུག་སྡུག་པ་སྙིང་རྗེ་སྟེ། །རྒྱལ་བུ་ཤི་ན་རྒྱལ་རབས་ཆད། [73]།རྒྱལ་བུ་སོས་པའི་ཐབས་ཡོད་ན། །བྲན་ཕྲུག་གླུད་དུ་གཏོང་བ་ལེགས། །ཞེས་སྨྲས་བྲན་ཕྲུག་གླུད་དུ་བཏང་། །བྲན་ཕྲུག་ཤ་བཙོན་བཞིན་དུ་བཟུང་། །མོ་མས་རྐང་པ་གཡས་ལ་འཐེན། །བོན་པོས་ལག་པ་གཡས་པ་འཐེན། །ཧ་དྷ་ནག་པོས་སྙིང་ཕྱུང་སྟེ། །ཤ་རྣམས་གླུད་དུ་ཕྱོགས་བཞིར་གཏོར། །མོ་བོན་ཁྱིམ་དུ་ཕྱིན་ཙ་རྒྱལ་བུ་ཤི་ནས་འདུག །མོ་བོན་སྐྱེངས་ཏེ་ལྕེབས་ནས་ཤི །དེ་རྗེས་བྲན་ཕྲུག་དག་གི་ཕ་མ་ཡིས། །ཧ་དྷ་ནག་པོའི་སྙིང་ཕྱུང་བསད། །དེ་ནས་བྲན་ཕྲུག་ཨ་མ་དེས། །རྒྱལ་པོ་འཕྲ་མོ་ཁྲི་འོད་ཀྱི། །མཁར་དང་རྩེ་མཐོན་དག་ལ་ཞུགས། །དེར་བྲན་གྱིས་རྒྱལ་ས་བཟུང་བ་ལ། །བདག་རྒྱལ་པོ་འབར་སྒྲོན་ཕྲག་དོག་སྐྱེས། །འཁོར་གྱི་དམག་མི་སུམ་སྟོང་བསྡུས། །མཁར་ཕབ་བྲན་ཕྲུག་ཕ་མ་བསད། །སྡིག་པ་དམག་མི་སྤྱི་ཡིས་ཁུར། །དེ་འདྲའི་ལས་ངན་[74]བྱུང་བ་འདི། །ཅི་ཡི་རྒྱུ་དང་ཅིའི་རྒྱུ་རྐྱེན། །འབྲས་བུ་ངན་པ་ཅི་ལྟར་འབྱུང་། །དྲང་ན་དྲངས་ཐབས་ཇི་ལྟར་ལགས། །གཤེན་རབ་སྟོན་པ་ཉིད་ལ་ཞུ། །ཞེས་ཞུས་སྟོན་པས་གསུངས་པ་ནི༑ ༑རྒྱལ་པོ་འབར་བའི་སྒྲོན་མ་ཅན། ཁྱོད་ནི་ཞུ་དོན་ཐབས་ལ་མཁས། །འགྲོ་དོན་མཛད་པའི་བསམ་པ་ཅན། །དགེ་ལྡན་སེམས་ལ་སྡིག་མི་འགྱུར། །དེ་ལ་ནམ་ཡང་ངན་སོང་མེད། །ཅི་ལྟར་སྡིག་ཅན་མི་དགུ་ཡང་། །སྔོན་དུས་ལས་སྤྱོད་ངན་པ་ལས། །སྨོན་ལམ་མ་དག་རྒྱུད་ལས་བྱུང་། [30]།རྐྱེན་ནི་སྡིག་པའི་རྣམ་སྨིན་ཚོགས། །འབྲས་བུ་ངན་པ་སྨིན་པ་ནི། །དེ་ལ་རྒྱལ་བུ་ཁྲི་ཤང་ནི། །བསམ་པ་བཟང་པོའི་རྐྱེན་དག་གིས། །སུམ་ཅུ་རྩ་གསུམ་ལྷ་རུ་སྐྱེས། །ལྷ་བུ་དྲི་མ་མེད་པར་སྐྱེས། །བྲན་ཕྲུག་ཁྲི་ཤེས་བསམ་བཟང་སྟེ། །དགའ་ལྡན་གནས་སུ་ལྷར་[75]སྐྱེས་སོ། །ཁྲི་ཤང་ཕ་ནི་བསམ་པ་འབྲིང་ཙམ་སྟེ། །ལྕེབས་པས་ཆུ་བུར་ཅན་གྱི་དམྱལ་བར་སྐྱེས། །ཁྲི་ཤང་མ་ནི་བསམ་ངན་ཏེ། །ལྕགས་ཀྱི་སོག་ལེས་ལུས་པོ་གཏུབ་པར་སྐྱེས། །མོ་མ་སྡིག་ང་སྡིག་ལུམ་ནི། །ཡང་ཤི་ཡང་སོས་དམྱལ་བ་རུ། །བུད་མེད་ལུས་ལ་དྲེད་མོང་མགོ་ཅན་ཞིག་ཏུ་སྐྱེས། །སྦྲུལ་གྱིས་མིག་ཟ། སྡིག་པས་སྣ་ནས་ཟ། རྩངས་པས་ལྕེ་ལ་ཟ། སྡོམ་ནག་པོས་སྙིང་ལ་ཟ། སྦལ་པས་ལྟེ་བ་ཟ་ཞིང་། མེ་མ་མུར་ལ་འབོག དེ་འདྲའི་དམྱལ་བར་སྐྱེས། བོན་པོས་ཟ་འདོད་དབང་གིས་མི་ཤེས་ཤེས་བྱས་རྫུན་དུ་སྨྲས། །ལྕེབས་པས་དམྱལ་བ་ཐིག་ནག་གནས་སུ་སྐྱེས། །དེ་ཡང་སྦྲུལ་ནག་མགོ་གསུམ་པ་ཞིག་ཏུ་སྐྱེས། །མགོ་གཅིག་སོག་ལེས་གཅོད་ཅིང་མགོ་གཅིག་ཐོ་བས་བརྡུང་། །མགོ་གཅིག་སྟ་རེ་ཅན་གྱིས་གསིས། །མཇུག་[76]མ་ཆུར་བཙོ་རྐེད་པ་མེ་རུ་སྲེག །ཡང་ཤི་ཡང་སོས་དེ་རུ་སྐྱེས། །གྷ་ཧ་དྷ་ནག་པོ་ནི༑ ༑བྱོལ་སོང་མུན་ནག་གླིང་ཆེན་དུ། །ལུས་ནི་ཕག་ནག་གཅིག་ཏུ་སྐྱེས། །སྡུག་བསྔལ་ནི་ལྕགས་ཀྱི་ཕུར་བཞིས་མནན་ནས། །ལྕགས་ཀྱི་སྡིག་པ་བྲན་ཕྲུག་དག་གི་ཕ་མ་ནི། །བཤའ་གཏུབ་བྱེད་པའི་དམྱལ་བར་སྐྱེས། །མི་ལུས་ར་ལུག་མགོ་ཅན་ལ། །སྲིན་པོ་ཕོ་མོས་སྤུ་གྲི་རྣོན་པོ་ཡིས། །སྲོག་ཁུང་ཁ་ཕྱེས་སྙིང་ཕྱུང་ཟ་བར་སྐྱེས། །རྒྱལ་པོ་དམག་མི་སྟོང་དང་བཅས། །ད་ལྟ་ཤི་ནས་ལྷ་མིན་དང་། །འཐབ་རྩོད་ཆེན་པོ་བྱེད་པར་སྐྱེས། །སྡིག་སྦྱངས་དགེ་བ་སྤྱད་པ་ན། །དགའ་ལྡན་ལྷའི་གནས་སུ་སྐྱེས། །དྲང་ན་དྲངས་ཐབས་འདི་ལྟ་སྟེ། །རྒྱལ་བུ་བྲན་ཕྲུག་ཕ་མ་དང་། །མོ་བོན་ཧ་དྷ་ནག་པོ་དགུ། །རྒྱལ་པོ་དམག་མི་སུམ་སྟོང་རྣམས། །སྡིག་སྒྲིབ་དུས་གཅིག་སྦྱངས་པར་གྱུར། །ཅེས་གསུངས་རྒྱལ་པོ་དགའ་བ་[77]སྐྱེས། །ཨུ་དུམ་འབར་བའི་མེ་ཏོག་ཕུལ། །འཇིག་རྟེན་སྒྲོན་མ་གཤེན་རབ་ལགས། །སྔར་བྱས་སྡིག་ལ་འགྱོད་ཚང་བགྱི། །ཕྱིན་ཆད་དགེ་བ་གཞུང་བཞིན་བསྲང་། །ཅི་ལྟར་བགྱིས་ན་སྒྲིབ་སྦྱང་ཞུ། །ཞེས་ཞུས་སྟོན་པས་བཀའ་བསྩལ་བ། །རྒྱལ་པོ་འབར་སྒྲོན་རྟུལ་ཤུགས་ཅན། །དགེ་སྤྱོད་མྱུར་དུ་བརྩམས་ན་འགྲུབ། །བསམ་གཏན་གཞུ་བདུངས་ཤེས་རབ་མདའ་འཕངས་ནས། །རྣམ་ཤེས་ཡུལ་བརྒྱད་ཉོན་མོངས་དགྲ་གསོད་དགོས། །བདེར་གཤེགས་ལྷ་གཤེན་སྲིད་པ་ལ། །མཚན་བྱང་ཕྱག་འཚལ་ན་མྱུར་དུ་འབྱང་། །འགྲོ་ལ་སྦྱིན་གཏོང་རྟུལ་ཤུགས་བསྐྱེད། [31]།ཡུན་དུ་མི་ཐོགས་སྒྲིབ་པ་འབྱང་། །ཞེས་གསུངས་རྒྱལ་པོས་ཡང་ཞུས་པ། །ལྷ་མིའི་སྟོན་པ་སྒྲོན་མའི་མཆོག །ས་ལེ་གསལ་བའི་ཡེ་ཤེས་སྤྱན། །སྣང་སྲིད་བཀྲ་བའི་མཁྱེན་རྒྱ་ཅན། །བདག་དང་བདག་འདྲའི་སྒྲིབ་སྦྱང་ཕྱིར། །བདག་གི་གནས་སུ་འབྱོན་པར་ཞུ། [78]།ཞེས་ཞུས་སྟོན་པ་གཤེན་རབ་ཉིད། །གསེར་གྱི་ཆགས་ཤིང་ཕྱག་ཏུ་འཛིན། །གསེར་གྱི་ཤིང་རྟའི་ཁྲི་ལ་བཞུགས། །གཡུང་དྲུང་སེམས་དཔའ་སྟོང་དང་ལྔ་བརྒྱ་དང་། །འཁོར་བཅས་ཁྲི་ཐང་འབྱམས་པའི་གླིང་། །གྲོང་ཁྱེར་ལྷུན་གྲུབ་འདུས་པར་བྱོན། །ཕྱག་དང་རིམ་འགྲོ་བསུ་བ་བགྱིས། །མཁར་ནི་ཤོད་པ་བརྩེགས་པ་རུ། །སྲས་བུ་རྨ་ལོ་གཡུ་ལོ་ཡིས། །ཉི་ཟླ་གཉིས་ཀྱི་གུར་ཡང་ཕུབ། །གསང་བ་ཡིད་ཀྱི་ཁྱེའུ་ཆུང་གིས། །པདྨ་རིས་ཀྱི་གདན་ཡང་བཏིང་། །རྒྱལ་པོ་འབར་བའི་སྒྲོན་མ་ཡིས། །གསོལ་ཟས་རོ་མཆོག་བརྒྱ་དང་ལྡན། །ནོར་བུ་རིན་ཆེན་གཟི་འབར་ཕུལ། །ཀྱེ་མ་སྟོན་པ་ཐུགས་རྗེ་ཅན། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གཤེན་རབ་མི་བོ་སྒྲོན་མའི་མཆོག །རྒྱལ་ཕྲན་ཁྲི་ཤང་ནད་ཀྱིས་ཟིན། །ནད་དེ་ཅིས་ཀྱང་མ་སོས་པར། །ཕ་མ་མོ་བོན་བྲན་ཕྲུག་ཧ་དྷ་དང་། །དམག་མི་ཚུན་ཆད་སྡིག་ལ་གནས་པ་འདི། །ཅི་ཡི་རྒྱུ་དང་ཅི་ཡི་རྐྱེན། །སྟོན་པའི་སྒྲོན་མས་བདག་ལ་བཤད་དུ་གསོལ། །ཅེས་ཞུས་སྟོན་[79]པས་བཀའ་བསྩལ་བ། །སྔོན་ཚེ་སྔ་མ་རྒྱལ་བུ་དེ། །ཚེ་སྟོད་དམག་དཔོན་བསད་བཅད་བྱས། །ཚེ་སྨད་གཏོ་རྒྱལ་ཡེ་མཁྱེན་ལ། །སྲོག་གཅོད་སྤང་བའི་སྡོམ་པ་བླངས། །དགེ་བཅུ་ཚད་མར་སྤྱོད་པ་ཡིས། །འདིར་ནི་རྒྱལ་བུར་སྐྱེས་པའོ། །ཚེ་ཐུང་སྔོན་གྱི་སྲོག་བཅད་རྣམ་སྨིན་ཡིན། །ཕ་མ་མོ་བོན་ཧ་དྷ་རྣམས། །རྒྱལ་བུས་དགེ་བ་སྤྱོད་པ་ལ། །མོ་མས་སྡིག་སྤྱོད་འཁོར་བ་ཡིན། །རྒྱལ་པོ་ཁྱོད་ནི་སྔ་མ་འདུར་གཤེན་སྐྱེས། །དམག་མི་རྣམས་ནི་ལྟད་མོ་བ། །བདག་ནི་འདུར་གསས་ཡིན་ཞེས་བྱས། །དེ་རྣམས་རྣམ་སྨིན་དུས་འདིར་འཚོགས། །དེ་བས་སྒྲིབ་པ་དུས་འདིར་སྦྱངས། །ཞེས་གསུངས་རྒྱལ་པོ་འཁོར་བཅས་གྱིས། །སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ། །བདེར་གཤེགས་སྟོང་གི་མཆོད་པ་བཤམས། །སྙིང་པོ་བརྗོད་ཅིང་བསྟོད་པ་བྱས། །འཁོར་བ་དོང་སྤྲུག་སྙིང་པོ་བརྗོད། །རིས་དྲུག་གླུད་ཀྱིས་ཚིམས་པར་བྱས། །བདེན་[80]པའི་དོན་ཡང་བསྟན་པ་ཡིན། །ལྟས་དང་ཆོ་འཕྲུལ་ཆེན་པོ་བྱུང་། །རྒྱལ་པོ་དམག་མི་སུམ་སྟོང་བཅས། །མཁའ་ལ་འོད་བཞིན་མངོན་སངས་རྒྱས། །འཇིག་རྟེན་ཁམས་ནི་བདེ་ལ་བཀོད་། །སླད་ནས་རྒྱལ་པོ་འབར་སྒྲོན་སྲས། །དཔོའུ་ལག་ངན་བྱ་བ་དང་། །དཔོ་ཟ་ཐང་མོ་ཤུལ་དུ་ལུས། །དེ་ལ་མཚན་ལྡན་ཁྱེའུ་བཞི་ཡིས། [32]།གཤེན་རབ་དག་ལ་སླར་ཞུས་པས། །ཨེ་མ་ཡབ་གཅིག་གཤེན་རབ་མཆོག །འཇིག་རྟེན་སྟོང་བར་གྱུར་ཙམ་གྱིས། །འགྲོ་བ་ལྷག་མེད་སངས་རྒྱས་ནས། །རྒྱལ་བུ་ལྕམ་དྲལ་ལུས་པ་འདི། །ཅི་ཡི་རྒྱུ་དང་ཅི་ཡི་རྐྱེན། །དབྱིངས་དང་ཡེ་ཤེས་ཐབས་ཀྱི་སྐུ། །སྐུ་གསུམ་མཁའ་ལ་ཡལ་བ་གཅིག །ཅེས་ཞུས་སྟོན་པས་བཀའ་བསྩལ་བ། །དཔོ་རྒྱལ་སྔུན་དུས་སངས་རྒྱས་པ། །ཚོགས་བསགས་སྒྲིབ་པ་བྱང་བ་ཡིན། །རྒྱལ་བུ་མིང་སྲིང་ལུས་པ་འདི། །རྒྱལ་བུ་སྐྱེ་བ་ལྔ་བརྒྱ་རུ། །མཚམས་མེད་སྡིག་པ་སྤྱོད་པ་[81]ཡིན། །དུས་འདིར་རྒྱལ་བུ་སྐྱེས་པ་སྟེ། །ད་རུང་ལྷག་མ་མ་དག་པས། །བདག་ཉིད་མྱ་ངན་འདས་ཙམ་ན། །ཐར་པའི་གོ་འཕང་གཟོད་ཐོབ་བོ། །སྲིང་མོ་དཔོ་ཟ་ཐང་མོ་ནི། །སྔོན་ནས་བདག་དང་མེ་ཏོག་འཐོར། །སྨོན་ལམ་ལྷན་ཅིག་བཏབ་པ་ཡིས། །བདག་གི་གྲོགས་སུ་སྦྲན་པ་ཡིན། །དེ་ཕྱིར་རྒྱལ་པོས་ཕུལ་བ་ལགས། །ཞེས་གསུངས་དཔོ་ཟ་ཐང་མོ་ནི། །སྟོན་པ་གཤེན་རབ་ཁབ་ཏུ་བཞེས། །ཁོད་མ་ནེའུ་ཆུང་དག་ཏུ་བསུས། །དགའ་སྟོན་བཀྲ་ཤིས་ལྷ་གསོལ་བྱས། །ནོར་སྦྱིན་དག་གིས་གཡང་ཡང་བླན། །སྲས་བུ་ལུང་འདྲེན་རྒྱུད་འདྲེན་འཁྲུངས། །བུ་མོ་གཤེན་ཟ་ནེའུ་ཆུང་བལྟམས། །མི་ནོར་སྣ་དགུ་ཕོགས་སུ་བྱིན། གཏོ་སྒྲོ་དཔྱད་སྒྲོ་བཀའ་རུ་གཏད། །དེ་ནས་ཕྱི་རོལ་ཚལ་བཞི་རུ། །ལྷ་རྒྱུད་གཤེན་རྒྱུད་སྲིད་རྒྱུད་དང་། །དོན་རྒྱུད་རྒྱུད་སྡེ་བཞི་རྣམས་དང་། །མདོ་བཅུ་བོན་གྱི་[82]འཁོར་ལོ་བསྐོར། །ལུང་འདྲེན་རྒྱུད་འདྲེན་དག་ལ་གཏད། །རྒྱལ་པོ་དཔོ་ཡི་འགྲོ་དོན་མཐར་ཕྱིན་ནོ། །གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། རྒྱལ་པོ་དཔོ་ཡི་འགྲོ་དོན་མཛད་ཅིང་དཔོ་ཟ་ཐང་མོ་ཁབ་ཏུ་བཞེས་པའི་ལེའུ་སྟེ་བཅུ་བའོ།། 

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz