sobota, 2 lutego 2019

(12) མདོ་འདུས་ལས། ལེའུ་བཅུ་གཉིས་པ། བདུད་ཀྱི་ཆོ་འཕྲུལ་བསྟན་པ་བཏུལ་བའི་སྐོར།

།།དེ་ནས་སྟོན་པ་གཤེན་རབ་ལ། །གཤེན་ཟ་ནེའུ་ཆུང་གིས་ཞུས་པ། །མཆོད་པ་ཕུལ་ནས་ཞུས་པའི་མདོ། །ཨེ་མ་ཡབ་གཅིག་གཤེན་རབ་མཆོག །དཔའ་བརྟན་འགྱུར་མེད་ཐམས་ཅད་མཁྱེན། །རྒྱལ་པོན་མྱེས་ཀྱི་ས་ཡང་ནོན། །ཐུགས་རྗེ་འགྲོ་དོན་མཛད་ལ་བསྟོད། །བདག་ནི་ཁྱབ་པས་བློ་བརྐུས་སྟེ། [90]།ལན་ཅིག་འཁྲུལ་པས་བློ་རེ་འགྱོད། །སྟག་བུ་ཐུང་དང་གཟིག་བུ་ཐུང་། །ལས་ངན་འབྲེལ་པས་སྙིང་རེ་རྗེ། །ལན་ཆགས་འཇལ་ཏེ་ནུ་མ་བྱིན། །འདི་ཡི་ལས་འབྲེལ་ཇི་ལྟར་ལགས། །དང་པོ་བདུད་རྣམས་གང་ནས་བྱུང་། །བར་དུ་བདུད་དེ་གང་དུ་གནས། །སྟོན་པའི་བདེན་པར་བར་ཆད་ཅི། །ཐ་མར་བདུད་རྣམས་ཇི་ལྟར་གྱུར། །ཅེས་ཞུས་སྟོན་པས་བཀའ་བསྩལ་བ༑ ༑ནེའུ་ཆུང་ལ་སོགས་འཁོར་རྣམས་ཉོན། །གཤེན་གྱི་ཐུགས་ལ་འཁྲུལ་པ་མེད། །མངོན་ཤེས་གསལ་བས་བསླུ་མི་ནུས། །བདེན་པའི་དོན་ལ་རྫུན་པ་མེད། །ཉི་མའི་དཀྱིལ་ན་མུན་པ་མེད། །སྐྱེ་འགྲོ་རླུང་ལ་མི་བརྟེན་མེད། །སྲོག་ཆགས་ཆུ་ལ་མི་འཐུང་མེད། །བདེར་གཤེགས་བཀའ་ལ་མི་ཉན་མེད། །གཡུང་དྲུང་བོན་ལ་མི་སྤྱོད་མེད། །བསླུ་བའི་ཁ་ལ་ཉན་པ་མེད། །གཤེན་རབ་གཅིག་པུར་མངོན་སངས་རྒྱས། །ཁྱབ་པས་[91]འགྲན་ཏེ་དོ་བསྡོས་ནས། །བདག་གི་འགྲན་ཟླར་སོང་བ་ཡིན། །ནེའུ་ཆུང་བདུད་ཀྱིས་བསླུས་པ་དེ། །སྔོན་གྱི་བཟའ་འབྲེལ་སྨོན་ལམ་ཡོད། །སྟག་བུ་གཟིག་བུ་ཡོད་[36]པ་དེ། །ཁྲའོ་རྒོད་དང་ཁྲ་མོ་རྒོད། །སྔ་མའི་བཟའ་འབྲེལ་ཡོད་པ་ཡིན། །དང་པོ་བདུད་རྣམས་གང་ནས་བྱུང་། །མ་རིག་མ་རྟོགས་རྒྱུད་ལས་བྱུང་། །བདུད་ལ་རྣམ་པ་ལྔ་ཡོད་དེ། །ཀུན་ནས་ཉོན་མོངས་པ་ཡི་བདུད། །ཕུང་པོ་ཉེ་བར་ལེན་པའི་བདུད། །འཆི་བདག་ལས་བཙན་དག་གི་བདུད། །སྒྱུ་མ་འཁྲུལ་པ་གཟུགས་བརྙན་བདུད། །ལྷ་ཡི་བུ་ཡི་བདུད་དང་ལྔ། །དེ་ཡང་ཉོན་མོངས་བདུད་ལ་ལྔ། །འདོད་ཆགས་ཆུ་བོ་བདུད། །ཞེ་སྡང་མེ་འབར་བདུད། །གཏི་མུག་མུན་འཐིབ་བདུད། །ང་རྒྱལ་བྲག་རིའི་བདུད། །ཕྲག་དོག་[92]རླུང་འཚུབ་བདུད་དག་གོ །ཉོན་མོངས་བདུད་ཀྱིས་བཞེན་བཏབ་པས། །ཕུང་པོ་ལྔ་ནི་ཉེ་བར་བླངས། །ཟག་བཅས་ཕུང་པོ་རྣམ་ལྔ་ལ། །མངོན་པར་ཞེན་པ་ཕུང་པོའི་བདུད། །སྔ་མའི་ལས་དང་ཕྱི་མའི་ལས། །སྲོག་ནི་རྐྱེན་ཀྱིས་འགག་པ་ལ། །འཆི་བདག་ལས་བཙན་བདུད་ཅེས་བྱ། །འདོད་པའི་ཡོན་ཏན་ལྔ་རྣམས་ནི། །སྒྱུ་མ་ཡིན་ཏེ་དེ་ལ་ཞེན། །སྒྱུ་མ་གཟུགས་བརྙན་བདུད་དག་གོ །ཁྱབ་པ་སྒྱུ་མ་གཟུགས་བརྙན་བདུད། །ཚངས་རིས་མ་མཐའི་བྱང་ཕྱོགས་ནས། །བདུད་ཡུལ་མུན་པའི་གླིང་ཆེན་ནས། །བདུད་ནི་དགའ་རབ་དབང་ཕྱུག་བུ། །བདུད་ནི་རྒྱ་ལག་ཐོད་རྗེ་དང་། །ཆུང་མ་གཏུམ་མོ་དུག་འཐུང་ལ། །བུ་ནི་བདུད་རྗེ་ཁྱབ་པ་ལག་རིང་བྱུང་། སྲིན་མོ་ཁྲག་འཐུང་སྙིང་རིང་བླངས། །བུ་བདུད་ཕྲུག་འཇིག་རྟེན་སྐྱོང་བ་བཞི། །འཐབ་བྱེད་ཆགས་བྱེད་གཡེང་བྱེད་དང་། །རྨོངས་བར་བྱེད་པ་དང་བཞིའོ། [93]།མཚོན་དུ་འདོད་པའི་མདའ་ལྔ་ཐོགས། །སྲིང་མོ་འདོད་པའི་དྲུག་འགྱུར་དྲུག །གཡོ་སྒྱུ་སུམ་ཅུ་རྩ་གཉིས་འཆང་། །འཁོར་ནི་བདུད་བྱེ་བ་དགུ་ཁྲིར་བཅས། །དེ་ནི་བདུད་ཀྱི་བྱུང་ཁུངས་ལགས། །དེ་ལ་བདུད་ཀྱི་གནས་པ་ནི། །འཇིག་རྟེན་དྲེགས་དང་སྒྲིབ་པ་ཅན། །མི་དགེ་ལོག་པར་སྤྱོད་རྣམས་ལ། །དེ་ལ་བདུད་ནི་རྟག་ཏུ་གནས། །འཇིག་པ་ཕུང་བོ་རྟེན་ལ་རྣམ་ཤེས་སོ། །དྲེག་ནི་དུག་དྲེག་དུག་ལྔས་དྲེགས་པའོ། །སྒྲིབ་པ་རྣམ་པ་གསུམ་ཡིན་ཏེ། །ཉོན་མོངས་སྒྲིབ་དང་ལས་ཀྱི་སྒྲིབ། །ཤེས་བྱའི་སྒྲིབ་པ་ཅན་ལ་ནི། །བདུད་ནི་ལྔ་པོ་རྟག་ཏུ་གནས། །སྟོན་པའི་བདེན་པར་བར་ཆོད་ནི། །སྔོན་གྱི་ལས་ཀྱིས་འབྲེལ་པ་སྟེ། །རྒྱལ་པོ་ཀ་དྷ་ལ་གསེར་འོད་དང་། །ཀླུ་མོ་མ་དེ་ལ་སྐྱེས། །བུ་རྒ་རྒྱ་དལ་འབྱོར་སྐྱེས་དང་ནི། །རབ་གསལ་རྟུལ་ཤུགས་ཅན་དང་[94]བཞི། །གཅེན་གསུམ་བྲག་ཀ་དྲི་ལ་ཤེལ་གྱི་བྲག་ཕུག་ཏུ་སྒོམ། །གཅུང་པོས་རྒྱལ་ས་བཟུང་པ་ལ། །ཡབ་ཀྱིས་རྒྱལ་སྲིད་གསུམ་དུ་བགོས། །ཆ་གཅིག་གཅེན་གསུམ་བསྒོམ་བརྒྱག་གྱིས། །ཆ་གཅིག་གཅུང་གིས་རྒྱལ་སྲིད་[37]གྱིས། །ཆ་གཅིག་གཞན་ལ་སྦྱིན་པ་ཐོངས། །ཞེས་བྱས་གཅུང་གིས་མ་བྱིན་ཏེ། །མུ་གེ་བྱུང་དུ་མཁར་དུ་ཞེན། །དེར་འབངས་ཀྱིས་རྒྱལ་བུ་མདའ་ཡིས་བསད། །ཕུ་བོ་གསུམ་གྱིས་བདུད་གྱུར་དམོད། །གཅེན་གསུམ་དུས་གསུམ་གཤེན་རབ་གྱུར། །གཅུང་བོ་བདུད་རྗེ་ཁྱབ་པའོ། །དེ་ཕྱིར་ལས་ཀྱིས་འབྲེལ་པའོ། །ཡང་སྟོན་པའི་བདེན་པར་བར་ཆོད་ནི། །སྟོན་པ་བདེ་བར་གཤེགས་པ་ལ༑ ༑བདུད་ཀྱིས་བར་ཆོད་མི་སྲིད་དོ། །བདེན་པའི་བོན་ནི་གཡུང་དྲུང་བོན། །དེ་ལ་བདུད་ཀྱི་ལས་འབྲས་དེ། །གཡུང་དྲུང་བོན་ལ་སྤྱོད་པ་ཡི། །འགྲོ་བ་རྣམས་ལ་བར་ཆོད་དེ། །འགྲོ་བ་འཁྲུལ་པས་རང་བདུད་བྱེད། །ཉོན་མོངས་[95]སྒྲིབ་པས་སྒྲིབ་པ་ལ། །བདུད་ཀྱི་འདོད་པའི་མདའ་ལྔ་ཕོག །ལས་ཀྱི་སྒྲིབ་པས་བསྒྲིབས་པ་ལ། །བདུད་ཀྱིས་འཇིག་རྟེན་སྐྱོང་བཞི་བསྲུང་། །ཤེས་བྱའི་སྒྲིབ་པས་བསྒྲིབས་པ་ལ། །ལྷ་ཡི་བུ་ཡི་བདུད་ཀྱིས་བསླུས། །མདའ་ལྔ་ཕོག་པ་ཉོན་མོངས་བདུད། །འཇིག་རྟེན་སྐྱོང་བཞི་བསྲུངས་པ་ཕུང་བོ་བླངས། །ཆགས་ཤིང་ཞེན་པ་ཕུང་བོའི་བདུད། །ཡང་ཡང་ཕུང་པོ་ཉིང་མཚམས་སྦྱར། །རྣམ་ཤེས་ཞེན་ཡུལ་ལྔ་ལ་ཆགས། །ཞེན་པ་སྒྱུ་མ་གཟུགས་བརྙན་བདུད། །འདུས་བྱས་འཇིག་པའི་འཆི་བདག་བདུད། །རྣམ་རྟོག་ལྷ་ཡི་བུ་ཡི་བདུད། །ང་བདག་འཛིན་པ་བདུད་ཡིན་ནོ། །དེ་ནས་གཤེན་ཟ་ནེའུ་ཆུང་མས། །གཤེན་རབ་ཡབ་ལ་ཡང་ཞུས་པ། །ཡབ་གཅིག་གཤེན་རབ་མི་བོ་ལགས། །གཤེན་རབ་བདེན་པར་སྤྱོད་པ་ལས། །མི་བདེན་བདུད་ཀྱིས་བསླུ་བའི་བདུད། །ཆོ་འཕྲུལ་སྟོན་[96]ཚུལ་ཇི་ལྟར་ལགས། །གཤེན་རབ་ཡབ་ཀྱིས་བཀའ་བསྩལ་བ། །ཉོན་ཅིག་གཤེན་ཟ་ནེའུ་ཆུང་ལ། །སྣང་བ་དང་ནི་མུན་པ་བཞིན། །འབྲེལ་མེད་སོ་སོར་སྣང་གྱུར་ཀྱང་། །འབྲེལ་བཅས་བདུད་ནི་སེམས་ལས་བྱུང་། །སེམས་ལ་དགེ་སྡིག་གཉིས་མི་སེམས། །དགེ་བ་ཐར་པར་བླ་མེད་ལམ། །མི་དགེ་སྡིག་ཏོ་བདུད་ཀྱི་ལས། །རང་གི་རྣམ་རྟོག་ལས་ལས་བྱུང་། །རྣམ་རྟོག་ཆོམ་ན་བདུད་དང་བྲལ། །དེ་ལས་རྣམ་པར་རྟོག་བྲལ་བྱ། །དེ་ལ་བདུད་རྗེ་ཁྱབ་པ་ཡིས། །བདག་གྲོང་ཁྱེར་ལང་ལིང་སྐུ་འཆག་ཚེ། །རི་དང་ཆུ་དང་མེ་འོབས་སྤྲུལ། །བདག་བཟོད་པ་བསྒོམ་པས་རི་དང་ཆུ། །མེ་འོབས་པད་མའི་ཚལ་དུ་གྱུར། །གཤེན་རབ་ཡབ་ལ་བོན་ཉན་དུས། །ཁྱབ་པས་ཡབ་ཀྱི་ཚུལ་བསྟན་ནས། །སྲས་ནི་གཤེན་རབ་མི་བོ་ཁྱོད། །ཡབ་ཀྱི་བཀའ་ངག་ཚིག་གསུམ་ཉོན། །རྒྱལ་བུ་རྒྱལ་སྲིད་སྐྱོང་བ་ལ། །རྒྱལ་སྲིད་བོན་དུ་མ་སྒྱུར་ཅིག [97]།བོན་ནི་བསླུ་བྱེད་རྫུན་ཀྱི་ཚིག །ཡབ་མྱེས་གོང་མས་འདི་མ་བྱས། །འདི་མ་བྱས་ལ་རྒྱལ་སྲིད་སྐྱོངས། །ཞེས་ཟེར་[38]སྟོན་པས་ལན་སྨྲས་པ། །བདུད་རྗེ་ཁྱབ་པ་ཚུར་ཉོན་དང་། །ང་ནི་ཐབས་དང་ཤེས་རབ་ལས། །སྐྱེས་པ་ང་ལ་ཡབ་གཞན་མེད། །གཡུང་དྲུང་འགྱུར་མེད་བོན་ལ་ནི། །རྫུན་ཞེས་ཟེར་མི་ཁྱོད་བས་མེད། །ཁྱོད་རང་ལ་རང་རྫུན་མ་འདེབས་ཤིག །ཅེས་བྱས་བདུད་རྗེ་ལྡོག་ནས་སོང་། །གཤེན་རབ་ཡུམ་ལ་མེ་ཏོག་འཐོར། །ཁྱབ་པ་ཡུམ་དུ་སྤྲུལ་ནས་བྱུང་། །སྲས་གཅིག་གཤེན་རབ་ལྷ་ཡི་བུ། །ཡུམ་ལ་བདེན་ཚིག་ཅི་ཡོད་ཉོན། །ཡབ་རྒྱལ་པོན་འཁྲུལ་པའི་བོན་ཡང་ཟིན། །ཡབ་རྒྱལ་པོན་འཁྲུལ་པའི་བོན་འདི་སྤོངས། །ཁྲ་ཐོག་ཁྱི་ཁྱེར་རི་དྭགས་གཤོར། །གཞོན་ནུ་ཀུན་གྱི་ལས་སུ་ཡིན། །ཞེས་མི་དགེ་སྡིག་ལ་བསྐུལ་མ་བཏབ། །དེ་ལ་གཤེན་རབ་[98]ལན་བཏབ་པ། །བདུད་ཕྲུག་ཤོར་བ་གཞོན་ནུ་ཉོན། །ངས་འཁྲུལ་པའི་བོན་འདི་གདོད་ནས་སྤངས། །མ་འཁྲུལ་བདེན་པའི་བོན་ལ་སྤྱོད། །གཡུང་དྲུང་མི་འགྱུར་རྒྱལ་སྲིད་སྐྱོང་། །ཁྲ་ཐོག་ཁྱི་འགྱེད་བདུད་ཀྱི་ལས། །ངན་སོང་འཁོར་བའི་གཞེན་འདེབས་ཡིན། །ཁྱོད་བདུད་ཕྲུག་རང་བདུད་རང་ལ་འབབ། །གཤེན་རབ་བདེན་པའི་དོན་སྤྱད་པས། །དགེ་ལྡན་སེམས་ལ་སྡིག་མི་འགོས། །ཞེས་གསུངས་བདུད་ཕྲུག་སྐྱེངས་ནས་སོང་། །གཤེན་རབ་སྒོ་བཞི་མཛོད་འཆད་དུས། །ཁྱབ་པ་གསས་ཆེན་རུ་བཞིར་སྤྲུལ། །ཀྱེ་མ་སྟོན་པ་གཤེན་རབ་ཉིད། །ངེད་གསས་ཆེན་རུ་བཞི་བྱ་བ་ཡིན། །ཉི་མ་ཕྱོགས་བཞིའི་དཔོན་གསས་ལགས། །གཤེན་རབ་མི་བོ་འདི་ལྟར་གྱི། །བོན་ནི་འདོད་པ་དགུ་འགྱུར་ལགས། །གོ་མཚོན་དམག་གི་དཔུང་ཆས་ལ། །ཉི་མ་ཕྱོགས་བཞིར་རྒྱལ་སྡེ་ཐུལ། །གླིང་བཞིའི་[99]ནོར་ལ་རྒྱལ་ནོར་གྱིས། །ཞེས་སྨྲས་གཤེན་རབ་ལན་བཏབ་པ། །ཀྱེ་མ་ཁྱབ་པ་ལག་རིང་པོ། །གསས་བཞི་མ་ཡིན་འཇིག་རྟེན་སྐྱོངས། །འཁོར་བ་ཟོ་ཆུའི་རྒྱུན་ལྟར་འཁོར། །གཤེན་རབ་ཕ་དང་མ་རུ་མགྱུར་མེད། །དྲིན་ཆེན་མ་ལ་སྡང་བ་དེ། །བདུད་མིན་གཞན་ལ་ག་ལ་ཡོད། །ང་ཞེ་སྡང་སྤངས་པས་དམག་དཔོན་མིན། །འདོད་ཆགས་སྤངས་པས་ནོར་མི་ལེན། །ང་རྒྱལ་སྤངས་པས་སྡེ་མི་འཇོམས། །རྒྱལ་ས་སྡེ་བཞི་རང་གི་སྡེ། །ཁྱབ་པ་རྨོངས་པའི་བསླུ་ཚིག་ཟ། །ཞེས་གསུངས་སྲས་བཞི་མངའ་འོག་ཚུད། །གཤེན་རབ་ཕྱྭའི་སྐུ་འཚོ་ཚེ༑ ༑ཁྱབ་པ་ལྷའི་བུ་འདྲ་སྤྲུལ། །བཙུན་མོ་རྣམས་ལ་བསླུ་ཚིག་སྨྲས། །གཤེན་རབ་ཕྱྭ་ཡི་སྐུ་འཚོ་ཚེ༑ ༑ང་ཕྱྭའི་བུ་མོ་བཙུན་མོར་བླངས། །དེ་གཏོ་སྒྲོ་དཔྱད་སྒྲོ་ཞུགས་ལ་[100]སྲེགས། །དུ་བ་ཕྱྭ་ཡི་ཡུལ་དུ་འགྲོ། །གཤེན་རབ་མི་བོ་འདིར་དགོངས་ངེས། །ཞེས་པས་དཔོ་ཟ་ཐང་མོ་བསླུས་གྱུར་ནས། །གཏོ་སྒྲོ་དཔྱད་སྒྲོ་ཞུགས་ལ་བསྲེགས། །གཏོ་བུ་དཔྱད་བུས་སྤར་དོ་ཟིན། །ཡི་གེ་དཔའ་བོ་འབྲུ་ལྔ་[39]དང་། །གཏོ་བུས་བྱང་བུ་སུམ་བརྒྱ་དང་། །དཔྱད་བུས་བྱང་བུ་དགུ་བཀྲ་ཟིན། །གཏོ་དཔྱད་འབུམ་སྡེ་ཞུགས་ལ་སོང་། །དཔོ་ཟ་ཐང་མོ་ཁྱབ་པས་བསླུས། །བུ་ནི་བདུད་བུ་གོ་བོ་ཆུང་། །ཡུལ་ནི་བྲ་མ་ཁྲི་འོད་དང་། །སེམས་ཅན་བསོད་ནམས་སོགས་པ་བྱུང་། །མོ་མ་སྡིག་ང་སྡིག་ལོམ་སྨྲས། །བསླུ་བའི་བོན་གྱིས་བསླུ་བྱས་སྟེ། །སྔ་དྲོ་གཤེན་ལ་མེ་ཏོག་འཐོར། །ཕྱི་དྲོ་ཡང་བསྒབ་སྤུ་དྲི་བརྒྱད། །བསླུ་བའི་བདུད་བུ་གོ་ཆུང་གུམ། །དཔོ་ཟ་དེ་ལ་མྱ་ངན་སྨྲེ། །དེ་ལ་གཤེན་རབ་ཀྱིས་སྨྲས་པ། །དཔོ་ཟ་ཐང་མོ་མ་སྨྲེ་ཞིག །བུ་འདི་བདུད་ཀྱིས་བསླུ་[101]བའི་བུ། །ལ་ལ་སྲིན་གྱིས་དམོད་པའི་བུ། །ལ་ལ་བགེགས་ཀྱིས་བར་ཆོད་བུ། །ལ་ལ་ལན་ཆགས་སྙེག་པའི་བུ། །ལྷ་ཡི་ཐུགས་རྗེའི་བུ་དཀའོ། །ཞེས་གསུངས་དཔོ་ཟས་དྲན་པ་རྙེད། །གཤེན་ཟ་ནེའུ་ཆུང་ཁྱབ་པས་བསླུས། །བདུད་ཕྲུག་སྟག་བུ་ཐུང་དང་གཟིག་བུ་ཐུང་། །ཤ་ལ་རྔམ་ཞིང་ཁྲག་ལ་འཐུང་། །ནེའུ་ཆུང་དེ་ལ་བློ་འགྱུར་ནས། །ནུ་མ་བཅད་ནས་གཟན་དུ་སྒྱུར། །མོ་གླིང་ཁོ་མ་ནེའུ་ཆུང་སླེབ། །ལུང་འདྲེན་རྒྱུད་འདྲེན་དྲལ་དང་མཇལ། །སྲས་ཡུམ་གཤེན་རབ་དགའ་སྤྲོ་སྐྱེས། །དེ་ནས་ཁྱབ་པ་ལག་རིང་གིས། །གཤེན་རབ་དཀོར་ལ་ཆོ་འཕྲུལ་བསྟན། །བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས། །གཤེན་རབ་རྟ་བདུན་ཁྱེར་ནས་སོང་། །རྐོང་པོ་ཡུལ་དུ་རྟ་རྗེས་བསྟན། །ཁ་བ་སུབ་མས་རྟ་རྗེས་བཅད། །ཉི་མ་དགུ་ཤར་ཁ་བ་བཞུས། [102]།བདུད་རི་ནག་པོ་བོན་རིར་བསྒྱུར། །ལ་དོར་བྲག་འཕྲང་རྟ་ལམ་གཏོད། །ལྕགས་ཕུབ་དགུ་ཕུག་བྲག་རི་ཕུག །མདའ་དྲངས་ཆུ་མིག་དཀར་པོ་དྲངས། །རྐོང་རྗེ་དཀར་པོའི་མཁར་སྒོར་སླེབས། །བྲག་འཕྲང་ཆུ་མདོར་མདའ་ལམ་བཏོད། །རྟ་བརྐུས་ལས་ལན་རྐོང་རྗེ་ཡིས། །རྐོང་ཟ་ཁྲི་ལྕམ་གཤེན་ལ་ཕུལ། །ཤུལ་ལམ་ཡར་ཆབ་གཙང་བོར་བྱུང་། །ལྷ་རི་གྱང་དོར་ཞག་བདུན་བཞུགས། །ཤུལ་དཀར་གཙང་བྱ་གཡུང་དྲུང་ཁར། །སྟོན་པའི་ཞབས་རྗེས་བཏོད། །ཁྱུང་ལུང་རྔུལ་མཁར་བརྩིགས། །གཤེན་བུ་རྐོང་ཚ་དེ་རུ་འཁྲུངས། །དེ་ནས་མ་པང་མཚོ་ལ་འཆག །ཀླུ་ཡི་སྟོན་པ་ལོ་གཅིག་མཛད། །ཏི་ཙེ་གངས་ཀྱི་རྩེ་མོ་རུ། །མ་སངས་ལྷ་ཡི་ཞལ་དྲོ་དྲངས། །དེ་ནས་སླར་ཡང་འོལ་མོ་གླིང་། །ཁྲི་སྨོན་རྒྱལ་བཞད་དག་ཏུ་བྱོན། །སྟོན་པས་ཁྱིམ་སྤངས་རབ་ཏུ་བྱུང་། །དེ་ཚེ་ཁྱབ་པས་འདི་[103]སྐད་དུ། །གཤེན་རབ་མི་བོ་འཁྲུལ་ཏེ་སོང་། །རྒྱལ་སྲིད་ནོར་དང་ཆུང་མ་དང་། །བུ་དང་བུ་མོ་འཁོར་སྤངས་ཏེ། །གཅིག་པུར་འཁྱམ་པ་རེ་དགའ་སྙམ། །འོན་ཀྱང་དེ་རུ་སུན་དབྱུང་ཕྱིར། །བདུད་ཀྱི་བུ་མོ་དྲུག་པོ་ནི། །མཛེས་པའི་རྒྱན་ཆ་མང་པོས་བརྒྱན། །སྟོན་པའི་མདུན་དུ་[40]འོངས་ནས་ནི། །གླུ་ལེན་གར་བྱེད་བཞིན་མཛེས་བསྟན། །ངེད་དྲུག་ལྷ་ཡི་བུ་མོ་དགའ་མཛེས་མ། །མེ་ཏོག་ཁ་ཕྱེ་པད་མ་མཛེས་པ་ལ། །ཆགས་ཤིང་སྤྱད་ན་དགའ་སྐྱིད་ཕུན་སུམ་ཚོགས། །གཏན་གྱི་གྲོགས་སུ་བགྱིས་ཀྱང་ཉེས་པ་མེད། །ཚུལ་ཁྲིམས་གཙང་མའི་གོས་འདི་ད་སྤོངས་ལ། །ན་བཟའ་མཛེས་དགུ་སྐུ་ལ་གསོལ་ཡང་མཛོད། །བྱང་ཆུབ་སྤྱོད་པའི་བློ་ནི་ཡང་སྒྱུར་ལ། །དགྱེས་ཤིང་རོལ་པ་མཛོད་ཅིག་སྐྱེས་བུ་མཆོག །ཅེས་སྨྲས་སྟོན་པས་ལན་གསུངས་པ། །ལྷའི་བུ་མོ་གཞན་གྱིས་པད་[104]མ་དེ། །ངན་སྐྱུག་མི་གཙང་སྣོད་དེ་ང་མི་ཆགས། །མ་རྒན་བརྒྱད་ཅུ་ལོན་པའི་རྒན་མོ་རྣམས། །འདོད་པའི་འདོད་ཆགས་ངན་པ་སྤྱད་ཅིང་འདོད། །དེའི་གཉེན་པོར་མི་སྡུག་བསམ་གཏན་བཟང་། །རྔོ་ཅན་ནད་ནི་ཕྲུག་ཅིང་ཕྱིར་ཕྱིར་ཟ། །མ་ཕྲུག་བཞག་ན་དེ་ལ་ཟ་བ་མེད། །ལན་ཚའི་ཆུ་འཐུང་འཐུང་ཞིང་ཕྱིར་ཕྱིར་སྐོམ། །འདོད་པའི་ཡོན་ཏན་དེ་ལ་ང་མི་ཆགས། །ཆོ་འཕྲུལ་བསླུ་བ་སེམས་སུ་ངོ་ཤེས་ཆགས་པ་མེད། །ཅེས་གསུངས་སེ་གོལ་བརྡབས་ཙམ་གྱིས། །བུ་མོ་དྲུག་ནི་མི་སྡིག་རྒན་མོ་དྲུག་ཏུ་སོང་། །དེ་ནས་རྒན་མོ་དྲུག་གིས་སྟོན་པ་ལ་བསྟོད་པ། །ཨེ་མ་ངོ་མཚར་སྟོན་པ་རབ་ཏུ་བྱུང་། །རྒྱལ་སྲིད་ཁྱིམ་ལ་ཆགས་པ་མེད། །ཁྱེད་ནི་ཆགས་མེད་སྒྱུ་མ་ལྟ་བུར་གཟིགས། །ཆུའི་པད་མ་ལྟ་བུ་གནས་པ་ལ། །བསླུ་བའི་ཚུལ་གྱིས་ངོ་ཚ་ཁྲེལ་བརྗོད་པས། །བཀའ་ཆད་འཕྲལ་ལ་བྱུང་སྟེ༑ ༑རྒས་ཤིང་འཁོགས་པར་གྱུར། །སྟོན་མཆོག་སྐུ་ལ་བཟོད་གསོལ་གནོང་ཞིང་བཤགས། །སྟོན་མཆོག་[105]ཐུགས་ནི་ནམ་མཁའ་ལྟ་བུ་སྟེ། །ཆུའི་པད་མ་བཞིན་དུ་དྲི་མེད་དག །གཤེན་རབ་མི་བོ་མཚན་དང་དཔེ་བྱད་འབར། །ཡོན་ཏན་མཆོག་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་ལ་ཐུགས་རྗེས་བཟུང་ནས་སྡུག་བསྔལ་སྐྱབས་པར་ཞུ། །ཞེས་ཞུས་བུ་མོ་དྲུག་གྱུར་མེ་ཏོག་མངོན་པར་གཏོར། །བདུད་ཀྱི་བུ་མོ་དྲུག་རབ་བྱུང་སྟེ། །མོ་གླིང་ཁོ་མ་ནེའུ་ཆུང་གནས་སུ་བཀོད། །ཤོར་བ་རྐྱ་བདུན་རབ་བྱུང་ཕོ་གླིང་བཀོད། །དེར་ཁྱབ་པ་སྡུག་བསྔལ་ཁང་བར་ཞུགས། །རྒྱལ་པོན་ཐོད་དཀར་བུ་གཅིག་གཤེན་རབ་འདི། །ཅིས་ཀྱང་མ་ཐུབ་བདུད་འཁོར་ཟད་ལ་ཐུག །ད་ནི་མྱེས་ལ་བཟློག་ལ་བདུད་དམག་བསྡུས་སྙམ་དྲན། །ཁྱབ་པ་དགའ་རབ་དབང་ཕྱུག་དྲུང་དུ་ཕྱིན་ནས། །མྱེས་གཅིག་དགའ་རབ་དབང་ཕྱུག་གསོན། །རྒྱལ་པོན་ཐོད་དཀར་བུ་གཅིག་གཤེན་རབ་འདི། །ཅིས་ཀྱང་མ་ཐུབ་བདུད་འཁོར་ཟད་ལ་ཐུག །གཤེན་རབ་[106]མངོན་པར་རྫོགས་སངས་རྒྱས་ནས། །འོ་སྐོལ་བདུད་ཀྱི་འཇིག་རྟེན་སྟོང་པར་ངེས། །འདི་ལ་ད་རེས་གནག་ཕྱིར་བདུད་ཀྱི་དམག་དྲང་[41]དགོས། །ཞེས་པས་དགའ་རབ་དབང་ཕྱུག་གིས། །ཁྱབ་པར་གཤེན་རབ་བདེན་པའི་ཐུགས་དཀའ་སྟེ༑ ༑དཀའ་ཡང་ལྷ་ཡི་བུ་ཡི་བདུད། །དམག་ནི་བྱེ་བ་ས་ཡ་བསྡུས། །བདུད་ཀྱི་འཁྲུལ་འཁོར་སྒྱོགས་ཆེན་ཆས། །ཞེས་ཟེར་ཁྱབ་པས་ལུང་ཐོབ་ནས། །བདུད་དམག་བྱེ་བ་ས་ཡ་བསྡུས། །མཚོན་ཆ་མདའ་མདུང་རལ་གྲི་དང་། །འཁོར་ལོ་སྒྱོགས་ཆེན་གཟུ་བ་བཅས། །བར་པོ་སོ་བརྒྱད་མཁར་ལ་དྲངས། །དེ་ཚེ་སྟོན་པ་གཤེན་རབ་ཉིད། །བྱམས་པ་ལྷའི་ཏིང་ངེ་འཛིན། །སྟོང་ཉིད་མི་གཡོ་ཏིང་འཛིན་སྒོམ། །བདུད་ཀྱིས་མདའ་འཕང་མེ་ཏོག་གྱུར། །རྡོ་རྣམས་རིན་ཆེན་ཆར་དུ་བབས། །སྒྱོགས་ནི་འོད་ཀྱི་འཁོར་ལོར་གྱུར། །མཚོན་ཆ་ལྷའི་རོལ་མོ་གྱུར། །བདུད་སེམས་བྱམས་པའི་ངང་དུ་བསྒྱུར། །དེ་ཚེ་ཟ་བྱེད་བདུད་བཞི་ཡི། །སེང་[107]གེ་གླང་ཆེན་ཆུ་སྲིན་འབྲུག་གི་མགོ །ཞལ་གདངས་བར་པོ་སོ་བརྒྱད་ཕྱོགས་བཞིར་བསྐོར། །ཀླུ་འབྲུག་སྟོང་ལྡིར་བདུད་དམག་ཀིས་བཏབ་སྟེ༑ ༑དེ་ཚེ་ཁྲོ་ཆེན་རུ་བཞིས་བར་བོ་སོ་བརྒྱད་རྩེ་མོ་ནས། །སྟོན་པ་བདུད་ལས་རྒྱལ་ཞེས་བསྭོ་སྒྲ་བཏབ། །ཨ་པར་ཐུམ་མུ་པར་ཞི་ཀྲེ་ལ་གེ་གོད་སྤུང་དྲི་པར་མྱུལ་མྱུལ། །ཞེས་བརྗོད་བདུད་རྣམས་སྤ་བསྐོང་བརྒྱལ། །བརྒྱལ་སངས་བདུད་དམག་བྱེ་བ་གྱེས། །དེ་ནས་སྟོན་པ་གཤེན་རབ་ཀྱིས། །དུག་ལྔ་འདུལ་བའི་སྙིང་པོ་བརྗོད། །ཨ་དུན་འདུ་མུ་རུམ་སྤྲོས་ཁ་ཏིལ་ཞི། །ཞེས་གསུངས་བདུད་ཀྱི་དུག་ལྔ་ཞི། །རྒྱ་ལག་ཐོད་རྗེ་འབངས་སུ་བྱུང་། །རབ་ཏུ་བྱུང་སྟེ་ཕོ་གླིང་བཀོད། །ཁྱབ་པ་གཅིག་པུ་མྱ་ངན་ཁང་པར་སོང་། །གཞན་ཡང་སྟོན་པ་གཤེན་རབ་ལ། །མ་བརྟག་པ་ཡི་དགྲ་བཞི་བྱུང་། །ཕ་སྤུན་མ་བརྟག་གཉའ་ནོན་དགྲ། །བདུད་རྗེ་ཁྱབ་པ་གཉའ་[108]ནོན་དགྲ། །གཤེན་རབ་ཆུས་དང་སྲིད་ལ་རྒོལ། །དེར་སྟོན་པས་བཀའི་བྱ་ར་མངགས། །སྲིད་པའི་རྒྱལ་མོ་ཐུགས་འཁྲོས་པས། །བདུད་རྗེ་ཁྱབ་པ་ནག་པོ་བསྒྲལ། །བསྟན་སྲུང་སྲིད་པ་རྒྱལ་མོ་བྱས། །བསྟན་པ་བོན་གྱི་སྒོ་བཞི་བསྲུངས། །ཆུང་མ་མ་བརྟགས་སྲིད་ཀྱི་དགྲ། །རྐོང་ལྕམ་དཀར་མོ་སྲིད་ཀྱི་དགྲ། །རྒྱ་ཡི་གེ་མོའི་ཟླ་ལ་སོང་། །སྟོན་པས་ཕོ་ཉ་དམུ་བཙན་མངགས། །རྒྱ་རྗེ་རང་བདུད་ཕབ་དེ་བསྒྲལ། །སློབ་བུ་མ་བརྟགས་བཅུད་ཀྱི་དགྲ། །གཉན་ཐེའུ་ནག་པོ་བཅུད་ཀྱི་དགྲ། །སྟོན་པའི་རྩིས་སྒྲོ་སྨན་སྒྲོ་བརྐུས། །ས་འོག་དགུ་ཡི་ཞབས་སུ་ཁྱེར། །སྟོན་པས་སྒྲ་བླའི་རྒྱལ་མོ་མངགས། །སྒྲ་བླའི་རྒྱལ་མོ་འཁྲོས་པ་ཡིས། །གཉན་ཐེའུ་ནག་པོ་བསྒྲལ་བར་བྱས། །ཡིད་ཀྱི་ཁྱེའུ་ཆུང་སྤྲུལ་པ་ཡིས། །ས་འོག་དགུ་ནས་རྩིས་སྒྲོ་སྨན་སྒྲོ་ལོན། །གྲོགས་པོ་མ་བརྟགས་ལམ་གྱི་དགྲ། [109]།ཧོར་ཕྲུག་ཤོར་བ་རྟ་བདུན་[42]གྱིས། །སྟོན་པའི་རྟ་བདུན་ཁྱེར་ནས་སོང་། །ཕོ་ཉར་གས་བཙན་རྒྱལ་པོ་མངགས། །ནེ་ཝེར་རྒྱལ་པོ་ཐུགས་འཁྲོས་པས། །ཧོར་གྱི་ཡ་བ་རྐྱ་བདུན་བསྒྲལ། །དེ་ནི་བསྟན་པའི་བཀའ་སྲུང་བཞི། །གཡུང་དྲུང་བོན་སྒོ་བཞི་བསྲུང་ངོ་། །གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། སྟོན་པ་ལ་བདུད་ཀྱི་ཆོ་འཕྲུལ་བསྟན་པ་བཏུལ་པའི་ལེའུ་སྟེ་བཅུ་གཉིས་པའོ།། 

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz