sobota, 2 marca 2019

(17) མདོ་འདུས་ལས། ལེའུ་བཅུ་བདུན་པ། སྟོན་པས་གསང་བ་མདོ་སྡུད་ལ་ལུང་བསྟན་པ།

དེ་ནས་སྟོན་པ་གཤེན་རབ་ལ། །གསང་བ་མདོ་སྡུད་ཀྱིས་ཞུས་པ། །ཝེར་གྱེར་སད་དོ་ཨ་[55]བོ་ཉ། །རྒྱལ་པོན་སྟོན་པ་གཤེན་རབ་ཉིད། །གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། །ཧོས་སྒོ་ཐེག་པ་རིམ་པ་དགུ །ཝེར་གྱེར་སྟོན་པས་བསྒྲགས་པ་སྟེ། །ཆབ་དཀར་གྱེར་སྒོ་གྱེར་མན་ཏྲ། །གྷུ་ཧྱ་ས་མ་ཡ་དང་བཅས། །གཏོ་དཔྱད་ཏི་ཀ་གྱེར་དང་བཅས། །དཔོན་གསས་གྱེར་སྒོ་གྱེ་ཏེ་སང་། །འདུལ་བ་མན་ངག་ལུང་དང་བཅས། །འཕན་ཡུལ་གྱེར་སྒོ་གྱེར་ནི་ཧྲངས། །རྒྱས་པ་མདོ་འབུམ་སྡེ་དང་བཅས། །གཙང་མ་མཐོ་ཐོག་གྱེར་དྲུང་ཧྲངས། །ཨ་ཏི་གྱེར་ཞི་ཝེར་རོ་སྤུངས། །ཞེས་ཞུས་སྟོན་པས་བཀའ་བསྩལ་བ། །མདོ་སྡུད་[146]ལ་སོགས་འཁོར་རྣམས་ཉོན། །ཨ་བོ་ལུང་གི་གྱེར་སྒོ་བཞི། །ཐོ་ཐོག་ནང་གི་མཛོད་ཡིན་ཏེ། །སྒོ་བཞི་བསྟན་པ་མདོ་རུ་བསྡུས། །ཧོས་སྒོ་ཐེག་པ་རིམ་པ་དགུ །སྡེ་རུ་བསྟན་པ་བརྒྱད་ཁྲི་དང་། །བཞི་སྟོང་དག་ཏུ་དབྱེ་བའོ། །དེ་ཕྱིར་མདོ་སྡེར་བསྟན་པའོ། །རྒྱུད་མ་ཆད་པས་རྒྱུད་སྡེའོ། །བསྡུས་ན་ཐིག་ལེ་ཉག་གཅིག་སྟེ། །དེ་ལ་བདེན་པ་གཉིས་སུ་དབྱེ། །ཀུན་རྫོབ་མཚན་མ་དངོས་སུ་བདེན། །དོན་དམ་མཚན་མ་མེད་པར་བདེན། །བདེན་པ་གཉིས་པོ་མཉམ་པ་ནི། །གཡུང་དྲུང་མི་འགྱུར་གྱེར་སྒོའོ། །དེ་ཡང་ཚད་མ་གསུམ་གྱིས་གཏན་ལ་ཕབ། །སྟོན་པའི་བཀའ་ཚད་མ་དང་། །དོན་ལྡན་ལུང་གི་ཚད་མ་དང་། །དོན་རྟོགས་རིག་པའི་ཚད་མའོ། །དེ་ཡང་ཤེས་རབ་གསུམ་གྱིས་ཉམས་སུ་ལོངས། །གདགས་སྒོ་དག་ལ་མི་ཐོགས་གྱིས། །གཟུངས་སྒོ་དག་ལ་འཛིན་ཤེས་མཛོད། །གོ་ལམ་དག་ལ་དོན་ཤེས་གྱིས། [147]།གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། །ཧོས་སྒོ་ཐེག་པ་རིམ་དགུར་དབྱེ། །ཕྱྭ་གཤེན་སྣང་གཤེན་སྲིད་གཤེན་དང་། །འཕྲུལ་གཤེན་རྒྱུའི་བོན་བཞི་ཡང་། །ཆབ་ནག་སྲིད་རྒྱུད་སྒོ་ནས་བྱུང་། །གཏོ་དཔྱད་འབུམ་སྡེས་གཞན་དོན་གྱིས། །དགེ་བསྙེན་དྲང་སྲོང་འདུལ་བའི་སྡེ། །དཔོན་གསས་ལུང་གི་སྒོ་ནས་བྱུང་། །རྒྱུ་དྲུག་མངོན་བཞི་འདུལ་ཁྲིམས་སྲུངས། །ཨ་དཀར་སྔགས་རྒྱུད་ཕྱི་ནང་གསང་། །ཆབ་དཀར་སྔགས་ཀྱི་སྒོ་བྱུང་ནས། །བསྙེན་བསྒྲུབ་ཟབ་མོ་ཉམས་སུ་ལོངས། །ཡེ་གཤེན་མདོ་འབུམ་ལྟ་བའི་སྡེ། །འཕན་ཡུལ་རྒྱས་པའི་སྒོ་ནས་བྱུང་། །དགོངས་རྒྱུད་ཟབ་མོ་ཉམས་སུ་ལོངས། །རྫོགས་ཆེན་ཨ་ཏི་ལྟ་བའི་སྡེ། །གཙང་མ་ཐོ་ཐོག་རྒྱུད་ནས་བྱུང་། །ལྟ་དགོངས་འགྱུར་མེད་ཉམས་སུ་ལོངས། །ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་ནི། །མདོ་འབུམ་རྒྱུད་མཛོད་སྡེ་བཞི་ལས། །ཉི་ཁྲི་ཆིག་བཞི་སྟོང་བཞིར་དབྱེའོ། །ལྟ་རྒྱུད་གཤེན་རྒྱུད་སྲིད་རྒྱུད་གསུམ། །དུས་ཀྱི་[148]མཐའ་ལ་འོང་བ་ཡིན། །དབུ་མ་ཚད་མ་རྫོགས་ཆེན་གསུམ། །བསྟན་པ་དར་སོ་འོང་བ་ཡིན། །དགེ་བསྙེན་གཙང་གཙུག་དྲང་སྲོང་གསུམ། །འདུལ་[56]བའི་སྡེ་ལ་འོང་བ་ཡིན། །འདུལ་བ་གསང་སྔགས་ལྟ་བ་གསུམ། །མཐའ་མར་ཉམས་སུ་ལེན་པ་ཡིན། །གསང་བ་མདོ་སྡེ་གསང་སྒོམ་དགོངས། །ཞེས་གསུངས་མདོ་སྡུད་ཀྱིས་ཡང་ཞུས་པ། །ཀྱེ་མ་སྟོན་པ་བླ་མེད་གཤེན། །ཤེས་རབ་ཕུལ་དུ་བྱུང་བའི་མཆོག །ཁྱོད་ཀྱིས་གསུངས་པའི་བོན་རྣམས་ལ༑ ༑ད་རུང་ཅི་ཙམ་ཡོད་ཅེས་ཞུས། །སྟོན་པས་དེ་ལ་བཀའ་བསྩལ་བ། །གསང་བ་མདོ་སྡུད་ཅི་སྐད་ཟེར། །རྒྱ་མཚོ་ཆུའི་འཇིངས་རྣམས་ལ། །ཟད་པ་མེད་ཅིང་འཕེལ་འགྲིབ་མེད། །ཤེས་རབ་ཐུགས་ནི་ནམ་མཁའ་འདྲ། །ནམ་མཁའ་འདྲ་བས་ཀུན་ལ་ཁྱབ། །ཤེས་རབ་ཐུགས་ནི་ཉི་མ་འདྲ། །གྱེར་སྒོ་བོན་ནི་ཉི་ཟེར་འདྲ། །གདུལ་བྱ་གང་ལ་གང་[149]འདུལ་བའི། །བདེན་པའི་དོན་དུ་བོན་བཤད་པའི། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ནས། །བྱང་ཕྱོགས་འོལ་མོ་ལུང་རིང་དེར། །གཤེན་རབ་བྱེ་བ་ཕྲག་བརྒྱ་ཡིས། །བོན་སྒོ་བསམ་གྱིས་མི་ཁྱབ་བཤད། །དེ་ཕྱིར་གཤེན་རབ་བོན་ལ་ཟད་པ་མེད། །རབ་ཏུ་དག་པ་གསང་བ་དྲི་མེད་དག་པའི་བོན། །ཉི་ཟེར་ཆུ་ཤེལ་ནོར་བུ་ལྟ་བུའམ། །གསང་རྒྱུད་ཟབ་མོ་ཞིག་ནི་མཆིས་འགྱུར་ཏེ། །མི་སྨྲ་འཁོར་སྤངས་དགོན་པ་མཛད་དུ་མཆི། །ཞེས་གསུངས་མདོ་སྡུད་ཀྱིས་ཡང་ཞུས་པ། །ཀྱེ་མ་སྟོན་པ་འཁོར་སྤངས་དགོན་པ་མཛད་འགྱུར་ན། །མདོ་སྡུད་དག་གི་གསང་སྒོམ་ཅི་ལྟར་བགྱི། །གསང་རྒྱུད་ཟབ་མོའི་དོན་དེ་ནམ་འབྱུང་ཨང་། །མཐར་ནི་བོན་རྣམས་ཅི་ལྟར་འདུས་པར་འགྱུར། །ཞེས་ཞུས་སྟོན་པས་དེ་ལ་བཀའ་བསྩལ་བ། །མདོ་སྡུད་ཁྱོད་ནི་གསང་སྒོམ་དུས་ལ་བབ། །བྲག་ནི་སེང་[150]གེ་བརྒྱད་བསྣོལ་ཕུག་པ་རུ། །ཡབ་ནི་སྤང་ལ་ནམ་གཤེན་སྐུལ་ཐོབ་ལ། །གཅིག་པུར་སེམས་རྒྱུད་སྦྱོངས་ལ་གསང་སྒོམ་མཛོད། །ང་ནི་མྱ་ངན་འདས་ན་སྐུལ་མའོ། །ང་ཡི་གདུང་སྤུར་རིན་ཆེན་སྒྲོམ་བུར་ཆུགས། །སྣང་མེད་ཞུགས་ལ་སྲེགས་དང་སྐུ་གདུང་མངོན་དུ་འབྱུང་། །འོལ་མོ་གླིང་དུ་རིམ་འགྲོའི་རྟེན་གྱིས་དགེ་སྐུལ་ཐོབ། །མུ་ཆོ་ལྡེམ་དྲུག་འདྲེན་པའི་གཤེན་དུ་འབྱུང་སྟེ་མཆི། །བཀའ་དང་རྗེས་སུ་བསྟན་པའི་བོན་རྣམས་ཤོད། །དེ་ལ་ང་ནི་མྱ་ངན་འདས་འོག་ཏུ། །མི་ལོ་སུམ་བརྒྱ་དྲུག་ཅུ་ནས། །ལྷ་དང་ཀླུ་དང་མི་ཡུལ་དུ། །བསྒྲགས་པའི་བོན་ཅིག་འབྱུང་འགྱུར་ཏེ། །རྒྱལ་པོ་གསུམ་མངའ་རི་འབྱུང་འགྱུར་སྟེ། །ལྷ་རི་གྱང་མ་གྱང་དོར་འབྱུང་། །མཐར་ནི་ང་ཡི་བསྟན་པ་འདི། །མང་ལ་རྒྱས་པའི་བོན་སྡེ་དང་། །ཉུང་ལ་འདུས་པའི་བོན་སྡེ་དང་། །གསང་ལ་ཟབ་པའི་བོན་སྡེ་རྣམས། །ལྷ་ཡུལ་ཀླུ་ཡུལ་མི་ཡུལ་དུ། [151]།བརྒྱུད་ནས་འབྱུང་སྟེ་དར་རྒྱས་འགྱུར། །དེའི་དུས་ན་གང་ཟག་རིགས་མང་སྟེ། །ལ་ལས་བདེར་གཤེགས་[57]བཀའ་ལུང་ཇི་བཞིན་སྤྱོད། །ལ་ལས་ཞེན་ལོག་སྒྲོ་སྐུར་སྒོ་ནས་སྤྱོད། །ལ་ལས་འཆལ་སྤྱོད་བསླུ་བའི་སྒོ་ནས་སྤྱོད། །ལ་ལས་འདྲེ་སྲིན་བདུད་ཀྱིས་བསླུ་བ་བཞིན་དུ་སྤྱོད། །རྒྱལ་པོ་ལོག་སྤྱོད་སྡེ་འཁྲུག་ཁྲིམས་འཆོལ་འོང་། །ཨེ་མ་མདོ་སྡུད་ང་ནི་མྱ་ངན་འདས་འོག་ཏུ། །མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ལ། །འཁོར་རྣམས་བོན་གྱི་བསྡུ་བ་གྱིས། །སྟོན་པ་གནས་དང་འཁོར་དུས་དང་། །བོན་རྣམས་ཕུན་ཚོགས་ལྔས་ཤོད་ཅིག །མདོ་སྡུད་བོན་ལ་སྤོབས་པར་གྱིས། །འོལ་མོ་གླིང་དུ་བོན་རྣམས་འདུས། །རྣམ་བཤད་པོ་ཏི་གླེགས་བམ་བྲིས། །དེ་ནས་མཐའ་མར་དར་ཞིང་རྒྱས། །ལོ་ལྔ་སྟོང་ཕྲག་བཅུར་མི་ནུབ། །ནད་མུག་མཚོན་[152]གསུམ་བྱུང་གྱུར་ཀྱང་། །ང་ཡི་བསྟན་པ་མི་ནུབ་སྟེ༑ ༑ལོག་པའི་རྒྱལ་པོ་འཁྲུལ་འགྱུར་ཞིང་། །དར་ནུབ་ཨེན་རེ་འོང་འགྱུར་སྟེ། །གཤེན་རབ་བོན་ལ་ནུབ་པ་མེད། །ནམ་ཡང་བདེན་པའི་བོན་མི་ནུབ། །སྲིད་གཤེན་བོན་གྱིས་སྡིག་སྤྱོད་བོན། །སྤྱོད་འགྱུར་བོན་གྱི་བསྟན་པ་འཇིག །དེ་བས་བདེན་དོན་བཀའ་ལུང་སྤྱོད། །གསང་བ་མདོ་སྡུད་ཁྱོད་ཉིད་ཀྱང་། །མཐར་ནི་གཙུག་རུམ་ཕྱུག་པའི་རིར། །ཏིང་འཛིན་འགོག་པའི་ངང་ལ་བཞུགས། །སྟོན་པ་ཡེ་གནས་སྲིད་བུ་ཆུང་། །ཚེ་ལོ་བཅུའི་དུས་འབྱུང་སྟེ། །རྔ་གཤང་དུང་གླིང་སྒྲས་བསླང་སྟེ༑ ༑ཁྱོད་ཀྱང་སྟོན་པའི་སྤྱན་སྔར་འབྱུང་། །དེ་ཚེ་གསང་བ་མདོ་སྡུད་མངོན་སངས་རྒྱས། །ཞེས་གསུངས་གསང་བ་མདོ་སྡུད་ཉིད། །དགའ་མགུ་རྗེས་སུ་ཡི་རང་སྟེ། །གཤེན་རབ་མི་བོར་མངོན་པར་བསྟོད། །ཝེར་གྱེར་བླ་མེད་གཤེན་རབ་མཆོག །ས་མཁན་ལམ་མཆོག་དོན་སྟོན་པ། [153]།འགྲོ་བའི་འདྲེན་སྟོན་ལྷ་མིའི་གཙོ། །གཤེན་རབ་མི་བོར་ཕྱག་འཚལ་བསྟོད། །ཅེས་བརྗོད་ལུང་གི་རྗེས་འབྲང་ནས། །གསང་བ་མདོ་སྡུད་བདག་ཉིད་ནི། །བྲག་ནི་སེང་གེ་བརྒྱད་བསྣོལ་དུ། །གསང་སྒོམ་དོན་དུ་རབ་ཏུ་བཞུད། །གཡུང་དྲུང་དག་པའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། སྟོན་པས་གསང་བ་མདོ་སྡུད་ལ་ལུང་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz