wtorek, 8 stycznia 2019

(8) མདོ་འདུས་ལས། ལེའུ་བརྒྱད་པ། གཤེན་རབ་སྟོན་པའི་སྐུ་ཇི་ལྟར་འཁྲུངས་པར་བསྟན་པ།

[21]།།དེ་ནས་སྟོན་པ་གཤེན་རབ་ལ་གསང་བ་མདོ་སྡུད་ཀྱིས་ཞུས་པ། ཨེ་མ་སྟོན་པ་གཤེན་རབ་རྫོགས་སངས་རྒྱས། །འགྲོ་བའི་དོན་ལ་ཅིར་ཡང་སྤྲུལ། །བྱེ་བ་ཕྲག་བརྒྱས་འགྲོ་དོན་མཛད། །ཅིར་ཡང་[51]སྤྲུལ་པའི་སྐུ་ལ་བསྟོད། །སེམས་དཔའ་འཆི་མེད་གཙུག་ཕུད་ནི། །གཤེན་རབ་སྟོན་པར་ཇི་ལྟར་འཁྲུངས། །མཛད་པ་ཐམས་ཅད་བཤད་དུ་གསོལ། །ཞེས་ཞུས་སྟོན་པས་བཀའ་བསྩལ་བ༑ ༑ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །གོང་གི་གཏོ་རྒྱལ་ཡེ་མཁྱེན་པའི། །བསྟན་པ་སྟོང་པ་རྫོགས་གྱུར་ནས། །འོག་མིན་ལྷ་ཡི་གནས་མཆོག་དུ། །སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ཉིད། །བདག་དྲི་མེད་གཙུག་ཕུད་སྤྱན་སྔར་བྱོན། །ང་ཡིས་འཛམ་གླིང་བྱེ་བ་རུ། །འགྲོ་བ་འདྲེན་པར་རྫོགས་གྱུར་པས། །མྱ་ངན་འདས་པའི་ཚུལ་ཡང་བསྟན། །གསལ་བ་དྲི་མེད་གཙུག་ཕུད་ཁྱོད། །ཐམས་ཅད་མཁྱེན་གཟིགས་ལུང་བསྟན་དགོངས་མཛོད་ལ། །གཟིགས་པ་ལྔ་དང་དགོངས་པ་ལྔ། །འཛམ་གླིང་སྟོན་པར་གཤེགས་པར་མཛོད། །གླིང་ལ་དགོངས་པ་འཛམ་བུ་གླིང་། །ཡུལ་ལ་དགོངས་པ་འོལ་མོའི་ལུང་། །རི་ནི་གཡུང་དྲུང་དགུ་བརྩེགས་རི། །མཁར་ནི་བར་པོ་སོ་བརྒྱད་དུ། [52]།རིགས་ལ་དགོངས་པ་རྒྱལ་རིགས་ཏེ། །དུས་ནི་ཚེ་ལོ་བརྒྱ་པའི་དུས། །ཡབ་ནི་རྒྱལ་པོན་ཐོད་དཀར་ཡབ། །ཡུམ་ནི་ཡོ་ཕྱི་རྒྱལ་བཞད་ཡུམ། །ཞེས་གསུངས་དྲི་མེད་གཙུག་ཕུད་ཀྱིས། །གཅུང་ཤེས་པ་དག་ལ་དབུ་རྒྱན་བསྐོན། །ང་ཡི་ཚབ་ཏུ་གཅུང་ཁྱོད་ང་། །ལྷ་རྣམས་འདྲེན་པའི་སྟོན་པ་གྱིས། །ང་ཡིས་འཛམ་བུའི་གླིང་དུ་ནི། །བསྟན་པ་རྣམ་གསུམ་རྫོགས་རྗེས་ལ། །ཤེས་པ་ཡེ་གནས་སྲིད་བུ་ཆུང་། །ཚེ་ལོ་བཅུ་པ་འདྲེན་པར་ཤོག །ཅེས་བརྗོད་རང་གི་ལུས་པོ་ཡང་། །རི་རབ་ཁ་ལ་བཞག་གྱུར་ཏེ། །བསམ་ཞིང་སྐྱེ་བའི་འཆི་འཕོ་མཛད། །ང་ནི་ལོངས་སྤྱོད་རྫོགས་གྱུར་ཚེ། །ལུས་འདི་སེང་གེ་པད་གདན་གྱུར། །སྨོན་ལམ་བཏབ་སྟེ་ལུས་དོར་རོ། །ཐུགས་ནི་འོད་ཀྱི་ཡེ་ཤེས་སྐུ། །ཀུན་བཟང་གཤེན་ལྷའི་ཐུགས་ཀར་ཐིམ། །བློ་གསལ་འཆི་མེད་གཙུག་ཕུད་ཀྱང་། །ཐུགས་རྗེ་ཐབས་ཀྱི་སྤྲུལ་པ་གཅིག །གཟུངས་ནི་ཡི་གེ་ཨ་དཀར་གྱུར། །སེང་གེའི་ལྟ་སྟངས་ཀྱིས་གཟིགས་ཏེ༑ ༑རི་རབ་རི་ཡི་རྩེ་མོ་ནས། །དབང་པོ་དྲུག་ལ་སྤྲོས་པ་ཡི། [53]།འགྲོ་བ་འདྲེན་པའི་གཤེན་དྲུག་[22]སྤྲུལ། །ལྷ་ལ་གསལ་འབར་ཀུན་ཤེས་དང་། །ལྷ་མིན་མུ་སངས་ལྕེ་འབར་དང་། །མི་ལ་གཤེན་རབ་མི་བོ་དང་། །བྱོལ་སོང་ཏི་སངས་སྒྲོན་མ་དང་། །ཡི་དྭགས་གྲང་འཛིན་བྱིན་སྤུངས་དང་། །དམྱལ་བར་བྱམས་པ་ངང་འཛོམ་དང་། །གནས་རིགས་སུམ་ཅུ་རྩ་གསུམ་ལ། །འདུལ་བའི་བོན་པོ་སུམ་ཅུ་རྩ་གསུམ་སྤྲུལ། །འཁོར་གྱི་དང་པོ་འདུལ་བའི་ཕྱིར། །ནམ་མཁའི་བ་དན་དང་། ཁྱུང་གི་རུ་མཚོན་ཅན་དང་། རྨ་བྱའི་ལྡེམ་རྒྱང་ཅན། རྒོད་ཀྱི་འཕར་འདབ་ཅན། ཟོ་བོ་སྦར་ཤད་ཅན་དང་།དབལ་སོ་མདུང་རྩེ་ཅན་དང་། གསས་མདའ་དུང་ཡུག་ཅན་དང་། རྔ་སྟོང་རི་ཆེམ་པ་ཅན།གཤང་ཁྲི་ལོ་གནམ་གྲགས་ཅན། དུང་འཕར་པོ་འཕར་གྲགས་ཅན་དང་། ཡང་རྒྱལ་འབྲུག་སླག་ཅན་དང་། ཆེ་རྒྱལ་རྒོད་ཞུ་ཅན་དང་། གཅོད་པ་ཁྲ་སླག་ཅན་དག་གོ །འཁོར་གྱི་བར་པ་འདུལ་བའི་ཕྱིར། །དབལ་བོན་རོམ་པོ་ཡོག་བོན་[54]གཏོ་རྒྱལ་དང་། །ཁྲིན་བོན་ཕྱ་སངས་དང་གཉེར་བོན་གཏོ་ཆེན་དང་། །འོ་བོན་འབྲང་གཟུ་རྩིས་བོན་ཡེ་ཁྲུ་དང་། །བདུད་བོན་ཆུ་ལྕགས་དམུ་བོན་ཡེའུ་ཏན། །བཙན་བོན་མཚལ་ལྕག་སྲིན་བོན་དམུ་ཆོ་དང་། །སྐོས་བོན་གཙུག་སྲས་ཕྱ་བོན་ཐོད་དཀར་དང་། །ཟླ་བོན་ཚེ་པ་ཉི་བོན་དྲང་མ་དང་། །སྐར་བོན་གདང་བཀྲ་སྤྲིན་བོན་བ་ཐུལ་དང་། །གཞའ་བོན་ཁུད་ཏད[གུག་ཏང་]དལ་བོན་དབུ་གར་དང་། །ཟེར་བོན་གདངས་སྙན་ལོ་བོན་གཏོ་ཆེན་དང་། །རྫི་བོན་ངང་དྲུག་དང་བར་གཡེན་གཏོད་དགུ་འདུལ། །འཁོར་གྱི་ཐ་མ་འདུལ་བའི་ཕྱིར། །ཀླུ་བོན་དབྱར་སྙན་གྱིམ་བུ་དང་། །གཉེན་བོན་ཐང་ཐང་ཁྲོལ་བ་དང་། །རྒྱལ་པོན་བོང་པོ་སྨན་བོན་འབྲིང་དངས་དང་། །གཟེད་བོན་ལ་ཚ་སྲིན་བོན་ཡ་ངལ་དང་། །གླུད་བོན་གྱེར་མཁས་བྱུར་བོན་ལི་བྱིན་དང་། །གཤིན་བོན་སྨྲིག་པ་གཏོ་བོན་བྱིན་ཁྲི་དང་། ཐར་བོན་གྲུ་སྐྱོལ་ལོ། །དེ་ལྟར་སུམ་ཅུ་རྩ་གསུམ་སྤྲུལ། [55]།གཤེན་རབ་བཀའ་ལ་ཐམས་ཅད་བཏགས། །འཛམ་གླིང་ནུབ་བྱང་ཕྱོགས་འོལ་མོ་ལུང་རིང་དུ། །ཡབ་མྱེས་གདུང་རྒྱུད་དམུ་ཡི་རིགས། །མྱེས་དམུ་རྒྱལ་ལན་གྱི་ཐེམས་པ་སྐས། །ཕྱྭ་ཨ་ལྡེ་ཁྱབ་པའི་སྲས་མོ་ནི། །ཕྱྭ་ཟ་ངང་འབྲང་མ་ལ་ནི། །སྲས་མི་བོན་ལྷ་བོན་རྒྱལ་པོན་ཐོད་དཀར་འཁྲུངས། །དེ་ཡིས་འཕྲུལ་གཤེན་སྣང་ལྡན་ལ། །གཏོ་རྒྱུད་དཔྱད་རྒྱུད་མཁས་པར་བསླབས། །མཚོ་མུ་ལེ་སྟོང་ལྡན་འགྲམ་ནས་ནི། །ཡབ་ནི་རྒྱལ་པོ་ས་ལ་དང་། །ཡུམ་ནི་བཙུན་མོ་གྷིར་ཏི་མ། །སྲས་ནི་རྒྱལ་བུ་གསལ་ཁྱབ་མཚན། །སྲས་མོ་གསལ་བའི་འོད་ལྡན་མ། །རྒྱལ་པོན་ཐོད་དཀར་བཙུན་མོར་བྱིན། །མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་མ་རུ་ཐོགས། །ཡབ་ཡུམ་མཚན་ལྡན་[23]བར་བོ་སོ་བརྒྱད་དུ། །འགྲོ་དོན་ཐུགས་དགོངས་གཟིམ་མལ་བྱས་པ་གཟིགས། །ཐུགས་ཉིད་ཡི་གེ་ཨ་དཀར་པོ། །འོད་ཀྱི་གསང་ལམ་དཀར་པོ་ལ། །ཡབ་ཀྱི་སྤྱི་བོའི་གཙུག་ཏུ་ཐིམ། །ཚངས་[56]པ་ལྷ་ལམ་དཀར་པོར་ཞུགས། །བྱང་ཆུབ་སེམས་ཀྱི་ཐིག་ལེར་ཞུགས། །ཡུམ་གྱི་མཁའ་རུ་ཆགས་པ་ལ། །གཡུང་དྲུང་དཀར་པོ་འོད་འབར་གྱུར། །ཡུམ་གྱི་ལྷུམས་སུ་ཞུགས་པའོ། །དེ་དུས་རྨི་ལམ་ནོར་བུ་རིན་ཆེན་གཟི་འབར་རྙེད། །སེང་གེ་དཀར་པོ་མཁའ་ལས་བྱུང་ནས་ཐིམ། །ཨ་དཀར་འོད་ཀྱི་ཉི་ཟླ་གསལ་ཤར་བས། །འཇིག་རྟེན་མུན་པ་ཐམས་ཅད་བསལ་བ་དང་། །གཡུང་དྲུང་དཀར་པོ་རྙེད་དང་དགེ་རྟགས་མང་དུ་བྱུང་། །མཁར་སྒོ་གཡས་སུ་ཨུ་དུམ་འབར་བ་འཁྲུངས། །དབུས་མཁར་སྒོ་གཡོན་དུ་འཛམ་བུའི་ཤིང་ཡང་རྡོལ། །རྨད་དུ་བྱུང་བའི་ཆོ་འཕྲུལ་སྣ་ཚོགས་བྱུང་། །ལྷུམས་སུ་ཟླ་བཅུ་བློ་གྲོས་ལྡན་ཅིང་སྐུ་བལྟམས་ཏེ། །བར་བོ་སོ་བརྒྱད་བཀྲ་ཤིས་ཁང་བར་རིན་ཆེན་ཀ་བར་བརྟེན་ཏེ། །འབྱུང་བཞི་ལྷ་མོས་སྐུ་བརྟེན་མཆན་ཁུང་གཡས་སུ་བལྟམས། །ཚངས་པ་བརྒྱ་བྱིན་ཕྱག་གིས་དར་དཀར་ལྕིབས་ཀྱིས་སྐུ་ཕྱིས་བླངས། །ཀླུ་མོ་ཀུན་ཤེས་[57]མ་ཡིས་སྐུ་ཁྲུས་གསོལ། །ལྷ་མི་གཤེན་གྱིས་བཀྲ་ཤིས་གཡང་བླན་ལྷ་ཡི་ན་བཟའ་གསོལ། ས་ལ་གཤེགས་ཚེ་གཡུང་དྲུང་པད་མ་ཕྱོགས་བཞིར་བཀྲ། ཁྲི་སྨོན་རྒྱལ་བཞད་སྒོ་དྲུང་བྲམ་ཟེ་གསལ་བས་མཚན་ལྟས་བརྟགས་ཏེ། མཚན་ལྟས་ཤིས་པ་བརྗོད། གཤེན་རབ་སྟོན་པ་འབྱུང་ངོ་ཞེས། བྲམ་ཟེའི་རྒྱལ་རིགས་ཀུན་འདུས་རྒྱན་དང་གཙུག་ཕུད་བཏགས། འབྱུང་བའི་གཤེན་ལྔས་བཀྲ་ཤིས་དཔལ་བསྐྱེད་དེ་ལེགས་པ་བརྗོད། ནམ་མཁའི་བ་དན་ཅན་ལ་སོགས་པ་ཡང་། བར་པོ་སོ་བརྒྱད་མཁར་ལ་སྐོར་གྱིན་ཤིས་པ་བརྗོད། ལྷ་ཀླུ་དྲི་ཟའི་བུ་དང་བུ་མོས་མཁའ་ལ་སྒྲ་སྙན་མེ་ཏོག་ཆར་འབབས་སོ། །བཀྲ་ཤིས་ཞལ་དྲོ་མཛད་པ་དང་པོ་ཡིན། །གཞོན་ནུར་གྱུར་ཚེ་ཡིག་རྩིས་འཕོང་རྩལ་ཀུན་ལ་སྦྱངས། །དགུང་ལོ་གསུམ་ལ་གྲོང་ཁྱེར་ལང་ལིང་ལ་སྐུ་འཆག་སྟེ། །རྒྱ་མཚོ་མུ་ལེ་ཧད་དུ་ཁྲུས་བྱས། །རྒྱལ་པོ་ས་ལས་ཕྱག་འཚལ་ཏེ། །ས་ཆུ་མེ་རླུང་ནམ་མཁའི་[58]ལྷ་མོས་འདུད་ཅིང་དུ། །རླུང་བོན་ཕྱོད་དེས་སངས་རྒྱས་གཡུ་རྔ་ཕུལ། །ཆུ་བོན་བདུད་རྩི་ཟིལ་བ་ཅན་གྱིས་བུམ་པ་ཕུལ། །ས་བོན་རིན་ཆེན་ཐོར་ཙུགས་ཅན་གྱིས་ཞལ་ཟས་ཕུལ། །མེ་བོན་འོད་ཀྱི་ལྗང་ལོ་ཅན་གྱིས་བ་དན་ཕུལ། །འབྱུང་བ་ལྔ་རྣམས་ཐམས་ཅད་བོན་དུ་བསྒྱུར། །སྟོན་པ་བྱང་ཕྱོགས་སྒྲ་མི་སྙན་དུ་གཤེགས་གྱུར་ཏེ། །བདུད་རྩི་ཟ་ཞིང་ཤིང་ལོ་གྱོན་པ་དང་། །མི་རྣམས་ཚེ་ལོ་སྟོང་ཐུབ་སྨོན་ལམ་བཏབ། །ང་དང་བདག་ཏུ་འཛིན་[24]པ་མེད་པའི་བོན་བཤད་དེ། །བ་གླང་སྤྱོད་བྱོན་ལོངས་སྤྱོད་ཆེ་བ་དང་། །སྦྱིན་པ་རབ་ཏུ་གཏོང་བའི་བོན་བཤད་དེ། །ཚེ་ལོ་ལྔ་བརྒྱ་ཐུབ་པའི་སྨོན་ལམ་བཏབ། །དེ་ནས་ཤར་ཕྱོགས་ལུས་འཕགས་པོ་རུ་བྱོན། །བཟོད་པ་སྒོམས་ཤིག་གཟུགས་བཟང་ཐོབ་ཅེས་བོན་བཤད་དེ། །ཚེ་ལོ་གཉིས་བརྒྱ་ལྔ་བཅུ་ཐུབ་པའི་སྨོན་ལམ་བཏབ། །དེ་ནས་འོལ་མོ་གླིང་དུ་བྱོན་གྱུར་ནས། །གཤེན་རབ་དགུང་ལོ་བཅུ་ལ་རྒྱལ་སར་ཕྱུང་། །འོལ་མོ་ལུང་གི་མི་རྣམས་ཐམས་ཅད་རབ་ཏུ་འདུས། །སྤོས་དྲི་མེ་[59]ཏོག་ཆར་བབས་འཇའ་ཚོན་འཁྲིགས། །དེ་དུས་མྱེས་དམུ་རྒྱལ་ལན་གྱི་ཐེམ་པ་སྐས། །རྒྱལ་པོ་ས་ལ་འཁོར་དང་བཅས་པ་རྣམས། །ཕུང་པོ་ལྷག་མེད་ས་ལ་མངོན་རྫོགས་སོ། །གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། གཤེན་རབ་སྟོན་པ་སྐུ་ཇི་ལྟར་འཁྲུངས་པའི་ལེའུ་སྟེ་བརྒྱད་པའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz