poniedziałek, 21 stycznia 2019

(11) མདོ་འདུས་ལས། ལེའུ་བཅུ་གཅིག་པ། བསྟན་པ་རྣམ་གསུམ་རྗེས་བཞག་གི་མཛད་པ།

།།དེ་ནས་སྟོན་པ་གཤེན་རབ་ལ། །གསང་བ་མདོ་སྡུད་ཀྱིས་ཞུས་པ། །ཨེ་མ་ཤེས་རབ་ཕུལ་བྱུང་བའི། །སྟོན་པ་ཐམས་ཅད་མཁྱེན་པ་ཉིད། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡི། །དགོངས་པ་ཡོངས་སུ་གྲུབ་པ་ཡི། །རྒྱུ་དང་རྐྱེན་རྣམས་ཇི་ལྟར་ལགས། །ཞེས་ཞུས་སྟོན་པས་བཀའ་བསྩལ་བ། །ཀྱེ་མ་འདུས་པའི་འཁོར་རྣམས་ཉོན། །གང་དུ་འཛམ་གླིང་ལྷ་ཚོགས་ནས། །རྒྱལ་པོ་ས་ཡི་སྙིང་པོ་ལ། །བུ་ནི་ཆེ་བ་རྟག་བློ་གསལ། །དེ་ཡིས་ཕ་ཡི་མགོ་བོ་བཅད། །འབྲིང་བ་ལྡང་སྡེམས་[33]མཆོག །དེ་ཡིས་མ་ཡི་ནུ་མ་བཅད། །བུ་ཆུང་[83]གསལ་མཆོག་དགེ་བ་སྤྱད། །སྔུན་དུ་ཕུ་བོ་གཉིས་ཚེ་འཕོས་ཏེ། །བདག་ནི་རྒྱལ་བུ་སྡིག་པ་ཅན། །ཀླུ་སྲིན་ནག་པོར་སྐྱེས་གྱུར་ནས། །གཅུང་པོ་དགེ་བ་སྤྱོད་པ་ཡི། །གྲོགས་ཤིག་བྱེད་པའི་སྨོན་ལམ་བཏབ། །རྒྱལ་པོ་གསལ་མཆོག་ཚེ་འཕོས་པས། །འོལ་མོ་གླིང་གི་ནུབ་ཕྱོགས་སུ། །ཡུལ་ནི་རྒྱ་ལག་འོད་མའི་གླིང་། །མཁར་ནི་ཁྲི་སྒོ་རྩེ་བརྒྱ་ནས། །གྲོང་ཁྱེར་འཕྲུལ་བསྒྱུར་བཀོད་པ་རུ། །ཡབ་ཀ་དྷ་ལ་གསེར་འོད་དང་། །བཙུན་མོ་མུ་ཏྲི་གསས་འོད་མའི། །སྲས་ཀོང་ཙེ་འཕྲུལ་གྱི་རྒྱལ་པོར་སྐྱེས། །དེ་དད་པ་བསོད་ནམས་དགེ་སྟོབས་ཀྱིས། །མུ་ཁྱུད་བདལ་བའི་མཚོ་གླིང་དུ། །སྲིན་པོ་སྟོང་གིས་གྲོགས་བྱས་ཏེ། །གསས་ཁང་ཆེན་པོ་བཞེངས་པ་ཡི། །རླུང་རྡོ་རྗེ་རྒྱ་གྲམ་གཞི་ལ་རྨང་དུ་བྲེས། །མཚོ་ཁར་རྨིང་ཐོན་གྲུབ་ལ་ཉེ་བ་ལ། །བཙུན་མོ་གཉེན་ལྕམ་[84]འོད་མ་གསལ། །གཡོག་འཁོར་བཅས་པས་ཚོར་ནས་མཐོང་། །གསང་ཚིག་ཡུམ་ལ་ཤོར་བའི་ཉེས་པ་ཡིས། །སྲིན་པོའི་དམག་སྟོང་ཐེ་ལེས་བཏབ་ནས་བྱེར། །དེ་ཚེ་མགོན་བཙུན་ཕྱྭའི་གྲོང་ཁྱེར་ནས། །ཕྱྭ་ཨེན་ཙེ་ལན་མེད་ཐུགས་རྗེ་སྐྱེས། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡི། །དགེ་སྐོས་མཐའ་རུ་ཕྱིན་བྱའི་ཕྱིར། །ཁྱེའུ་ཆུང་ཙི་བེར་དུང་འཕྲིང་ཅན་དུ་བྱོན། །ལྷ་སྲིན་མཚམས་ཀྱི་གཟུ་བོ་མཛད། །དགེ་དང་མི་དགེའི་ཤན་ཕྲག་ཕྱེས། །དགེ་བའི་སྐོས་ཐེབས་ལྷ་མི་རྒྱལ་གྱུར་ཏེ། །ཀོང་ཙེ་རྒྱལ་པོ་ཡིད་རང་རབ་དུ་ཐོབ། །དགེ་བའི་སྐོས་མཁན་ཨན་ཙེ་ཕྱྭ་ལ་ཞུས། །དེ་ཚེ་ལྷ་བུ་ཡིད་བཞིན་སྨོན་ལམ་སྐྱེས། །སྐྱིན་གྱི་རལ་ག་གྱོན་ཞིང་གསེར་གྱི་རལ་གྲི་ཐོགས། །ཀླུ་ཡི་བུ་ཙ་དུང་སྤྲུལ་ཐོར་གཙུག་ཅན། །གསས་ཁང་བརྩིགས་པའི་ལས་ནི་ངེད་ཀྱིས་བྱེད་དོ་ཟེར། །དེ་ཚེ་སྲིན་པོ་[85]མྱ་ངན་དམོད་པ་སྐྱེས་ཀྱིས་ནི། །སྲིན་གྱིས་གསས་ཁང་བརྩིགས་དུ། །རྒྱལ་ཉིད་གསང་ཚིག་ཉམས། །ཁྱེའུ་ཆུང་ཙི་བེར་ཅན་ཁྱོད། །སློབ་དཔོན་དགོས་སམ་ཅི། །ཞེས་པས་ཨེན་ཙེས་ལན་གསུངས་པ། །ལུས་རིན་པོ་ཆེ་འོད་ཀྱིས་དཔེའི་གཞི་བཏིངས་ཏེ། །ཐུགས་འཕྲུལ་གྱི་བང་མཛོད་ཀྱིས་དོན་ཁོག་ཕུབ་སྟེ། །དབང་བོ་ཉི་མའི་ཟེར་ལ་བདེན་ལམ་དྲང་། །རིག་པ་གར་སྤྱིན་འདྲ་བའི་ཚིག་གིས་འབྲུ་སྦྱར་ཏེ། །བློ་རིག་པའི་ཡེ་ཤེས་ཐམས་ཅད་མཁྱེན་པར་ཤར། །ལྗགས་འཕྲུལ་ལྡེས་ཕྱེས་པས་སློབ་དཔོན་དགོས་སམ་ཅི། །ཞེས་པས་སྲིན་པོ་སྐྱེངས་ཏེ་སོང་། །དེར་ལྷ་ཀླུ་ལྷ་མ་ཡིན་གྱིས་བརྩིགས། །དེ་རྨིང་རྩལ་ལྡན་སྲིན་གྱིས་བརྩིགས་པས་བརྟན། །བར་གཉེན་པོ་ལྷས་བཏགས་པས་བརྗིད། །ནང་རྫུ་འཕྲུལ་ཀླུས་བྲིས་པས་བཀྲ། །སྐོས་སྒམ་པོ་ཕྱྭས་མཛད་པས་ལེགས། །ལག་[34]བསོད་ལྡན་མིས་བླངས་པས་གྲུབ། །བྱིན་བདེར་གཤེགས་ལྷས་བརླབས་པས་རྒྱས། [86]།བསྟན་པ་རྣམ་གསུམ་རྗེས་བཞག་མཛད་པས་ནི་ངོ་མཚར་རོ། །དེ་ཡང་གསས་ཁང་ཞལ་སྲོས་སུ། །སྟོན་པ་གཤེན་རབ་འཁོར་བཅས་སྤྱན་དྲངས་ནས། །སྐུ་ཡོན་གསེར་གྱི་བན་གླང་ལ། །རིན་ཆེན་སྣ་ཚོགས་བསྟད་པ་དང་། །དར་ཚོན་མཛེས་པའི་རྨད་གོས་ཕུལ། །བཀྲ་གསལ་མཛེས་པའི་མཆོད་སྤྲིན་བཤམས། །དཀར་ནག་བཀྲ་གསལ་ཞལ་སྲོས་མཛད། །དེ་ཚེ་བདུད་ནི་གདུག་པའི་ཚོགས། །ཕྱོགས་བཞི་དག་ནས་བར་ཆོད་བརྩམས། །དེའི་ཚེ་མཚན་ལྡན་ཁྱེའུ་བཞི་ཡང་། །རྔམས་པའི་ཁྲོ་ཆེན་རུ་བཞིར་སྤྲུལ། །ཤར་ནས་ཟོ་བོ་དབུ་དགུ་བྱུང་། །བྱང་ནས་གཟེ་མ་དབུ་དགུ་བྱུང་། །ནུབ་ནས་རུ་ཅོ་དབུ་དགུ་བྱུང་། །ལྷོ་ནས་རོམ་པོ་དབུ་དགུ་བྱུང་། །འཇིགས་པའི་དབུ་དང་ཞལ་གྱི་བསྭོ་སྒྲ་ཡིས། །བདུད་སྲིན་བར་ཆོད་དམག་རྣམས་རྒྱང་མཚམས་བཅད། །མཐའི་ལྕགས་རིའི་རྒྱབ་ཏུ་ཐམས་ཅད་མ་ལུས་བདས། །བསྭོ་རག་ཤ་གེ་ཞི་ཐུན། གེ་[87]རྒྱུད་མྱུལ་མྱལ་ཐུམ། ཞེས་བརྗོད་བདུད་དང་སྲིན་པོ་བཏུལ། །དེ་རྗེས་གཙོ་བཞི་བདེར་གཤེགས་སྟོང་རྩ་བརྒྱད། །མཁའ་ལ་སྤྲིན་དཔུང་གཏིབ་པ་ལྟར་བྱོན། །བྱིན་རླབས་རྨད་བྱུང་ཆོ་འཕྲུལ་བསྟན། །ས་ཡང་རྣམ་པ་དྲུག་དུ་གཡོས། །དེ་ཚེ་ཀོང་ཙེ་འཕྲུལ་རྒྱལ་གྱིས། །སྟོན་པ་ལ་ནི་ངེས་ཞུས་པ། །ཤེས་རབ་ཕུལ་བྱུང་སྟོན་པའི་མཆོག །ཕོ་བྲང་ལྷུན་གྱིས་གྲུབ་པ་དང་། །གཙོ་བཞི་བདེར་གཤེགས་སྟོང་རྩ་བརྒྱད། །མཁའ་ལ་སྤྲིན་བཞིན་གཏིབ་ནས་ཀྱང་། །བྱིན་རླབས་ཆེ་རུ་བབས་པ་དང་། །མཆོད་པ་སྤྲིན་དཔུང་འབྱུང་བ་ཡི། །རྒྱུ་དང་རྐྱེན་རྣམས་ཇི་ལྟར་ལགས། །སྟོན་པས་འཁོར་ལ་བཀའ་བསྩལ་བ། །ཕོ་བྲང་ལྷུན་གྱིས་གྲུབ་པ་ནི། །རྒྱལ་པོ་དད་པ་སྐྱེས་པ་དང་། །བསོད་ནམས་བསགས་པའི་རྒྱུ་ལས་བྱུང་། །རྐྱེན་ནི་ཀུན་བཟང་ཐུགས་སྤྲུལ་པའི། །ཨེན་ཙེ་ལན་མེད་ཕྱྭ་ཡིས་བྱས། །མཁའ་ལ་བདེར་གཤེགས་སྤྲིན་ལྟར་འདུས། །ཐུགས་རྗེས་[88]འགྲོ་དོན་གཟིགས་པ་སྟེ། །རྒྱལ་པོ་དག་པའི་སྣང་བ་ཡིན། །བདེ་བར་གཤེགས་པ་གཙོ་བཞི་ནི༑ ༑དབྱིངས་དང་ཡེ་ཤེས་མཁའ་ལ་མཉམ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །ཚད་མེད་བཞི་ཡི་ཐུགས་རྗེ་བྱུང་། །དིང་འདིར་ཡོན་བདག་བྱེད་པ་ནི། །སྔོན་དུ་རྒྱལ་པོ་གསལ་མཆོག་གིས། །བདག་ལ་དགེ་ཚོགས་བསགས་པ་ཡི། །སྔ་མའི་ལས་འབྲེལ་བཞག་པ་ཡི། །བསྟན་པ་རྣམ་གསུམ་རྗེས་བཞག་ནི། །འགྲོ་དོན་མཐའ་རུ་ཕྱིན་པའོ། །ཞེས་གསུངས་བཀྲ་ཤིས་ཞལ་སྲོས་དང་། །དིང་འདིར་རྒྱུ་སྦྱོར་ཡོན་གྱི་བདག །སྒོས་བཙན་ཀོང་ཙེ་འཕྲུལ་རྒྱལ་དང་། །སྤྱི་བཙན་རིས་དྲུག་[35]སེམས་ཅན་རྣམས། །གསས་ཁང་ཆེན་པོ་བཞེངས་པ་དང་། །བདེར་གཤེགས་སྟོང་གི་མཚན་བརྗོད་ཅིང་། །བསྟན་པ་རྣམ་གསུམ་རྒྱས་གྱུར་ནས། །དགེ་བ་མཐའ་རུ་རྒྱས་གྱུར་ཏེ། །ཀུན་གྱིས་བླ་མེད་འབྲས་བུ་ཐོབ་པར་ཤོག །ཅེས་གསུངས་སོ། །ཀོང་ཙེ་ལ་སོགས་འཁོར་དགའ་མགུ་རྗེས་སུ་[89]ཡི་རང་ནས། །དགའ་སྟོན་མཆོད་པ་ཆེར་བྱས་སོ། །དེ་ནས་ཀོང་ཙེ་འཕྲུལ་རྒྱལ་གྱིས་བུ་མོ་འཕྲུལ་བསྒྱུར་ཁབ་ཏུ་ཕུལ། །སྲས་བུ་འཕྲུལ་བུ་ཆུང་འཁྲུངས་ཏེ། །གཙུག་ལག་རྩིས་ཀྱི་བོན་ལ་མཁས། །དེ་ལ་སྟོན་པ་གཤེན་རབ་ཀྱིས། །རྫུ་འཕྲུལ་རྐང་བ་བཞི་ལྡན་པས། །ཁྲི་སྨོན་རྒྱལ་བཞད་དག་ཏུ་བྱོན། །བཀྲ་ཤིས་ཞལ་སྲོས་ཆེར་བྱས་སོ། །གཡུང་དྲུང་དག་པའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། བསྟན་པ་རྣམ་གསུམ་རྗེས་བཞག་མཛད་པའི་ལེའུ་སྟེ་བཅུ་གཅིག་པའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz