སྟོན་པ་ཀུན་ཏུ་བཟང་པོ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།
།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།
གནས་ཕུན་སུམ་ཚོགས་པ་འོག་མིན་རི་རབ་ཀྱི་རྩེ།
རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོ་ནས།
སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་བོན་གྱི་སྐུ་དང་།
རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྐུ་དང་།
སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པའི་[3]སྟོན་པ་གཤེན་རབ་མི་བོ།
སྐུ་གསུམ་དབྱེ་བ་མེད་པ་བོན་ཉིད་བདེ་བ་ཆེན་པོ།
ཡེ་ཤེས་ལྔ་ལྡན་ངང་ལ་མི་གཡོ་མཉམ་གསལ་ཏིང་ངེ་འཛིན་ལ་ལྷན་ནེ་ལྷང་ངེར་བཞུགས་སོ།
།འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་སངས་རྒྱས་རྣམས་དང་།
ས་བཅུའི་གཡུང་དྲུང་སེམས་དཔའ་རྣམས་དང་།
འཁོར་བ་སྤངས་བའི་གཤེན་བརྒྱད་དང་།
མྱ་ངན་མེད་པའི་གཤེན་བརྒྱད་དང་།
གསས་ཆེན་རུ་བཞི་དང་།
ཚངས་པ་གཙུག་ཕུད་དང་།
དབང་པོ་བརྒྱ་བྱིན་དང་།
ཐུགས་སྲས་རྨ་ལོ་གཡུ་ལོ་དང་།
སྐུའི་སྲས་གཏོ་བུ་དཔྱད་བུ་དང་།
གསུང་གི་སྲས་ལུང་འདྲེན་རྒྱུད་འདྲེན་དང་།
ཡིད་ཀྱི་[4]ཁྱེའུ་ཆུང་དང་།
གསང་བ་མདོ་སྡུད་དང་།
མུ་ཆོ་ལྡེམ་དྲུག་དང་།
སའི་ལྷ་མོ་བརྟན་མ་དང་།
ཀླུ་མོ་ཀུན་ཤེས་མ་དང་།
མེའི་ལྷ་མོ་གསལ་སྲེག་མ་དང་།
རླུང་གི་ལྷ་མོ་ཡང་གཡོ་མ་དང་།
སྤྲུལ་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་བཞུགས་སོ།
།དེའི་ཚེ་དེའི་དུས་ན།
ལྷ་ཚངས་པ་གཙུག་ཕུད་ཀྱིས།
རིན་པོ་ཆེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཅིག་ཕུལ་ཏེ།
བོན་གྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་མ་གདབ་སྟེ།
ཨེ་མ་གཤེན་རབ་ཕུལ་བྱུང་སྟོན་པ་མཆོག
ཁྱེད་ཉིད་སྟོན་པ་བླ་ན་མེད།
།བདུད་བཏུལ་འགྲོ་དོན་སངས་རྒྱས་ནས།
།འགྲོ་བ་སེམས་ཅན་ཀུན་དོན་དུ།
།ཐེག་མཆོག་བོན་གྱི་འཁོར་ལོ་ནི།
།བླ་ན་མེད་པ་བསྐོར་བར་བསྐུལ།
།ཞེས་ཞུས་སྟོན་པ་རབ་ཏུ་དགྱེས།
།དེ་ནས་ལྷ་དབང་བརྒྱ་བྱིན་གྱིས།
།གླང་ཆེན་ས་ལ་རབ་བརྟན་ཕུལ།
།བྱ་ཁྱུང་ཁ་ན་ཀླུ་ཕྲུག་ཟ།
།ནམ་མཁའ་[3]ལྡིང་གི་རྒྱལ་པོས་[5]ཕུལ།
།སེང་གེ་ཁ་ན་གཡུ་འབྲུག་ཟ།
།ལྷ་མ་ཡིན་གྱི་རྒྱལ་པོས་ཕུལ།
།ཆུ་སྲིན་ཁ་ན་བྲམ་ཟེ་ཟ།
།དེ་ནི་ཀླུ་ཡི་རྒྱལ་པོས་ཕུལ།
།ལྷ་ཡིས་རིན་ཆེན་སྣ་བདུན་ཕུལ།
།དྲི་ཟས་རོལ་མོ་སྣ་ཚོགས་ཕུལ།
།མཆོད་སྤྲིན་ཆེན་པོ་མངོན་པར་བཤམས།
།དང་པོ་ལྷ་ཕྱག་འཚལ་བའི་མདོའོ།
།སྟོན་པ་ཀུན་ཏུ་བཟང་པོ་བོན་གྱི་སྐུ་ལ་ཕྱག་འཚལ་ལོ།
།རིགས་ལྔ་བདེར་གཤེགས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ།
།ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་མི་བོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།
།ཤར་ཐར་ལམ་བདེ་འབྱེད་ལ་ཕྱག་འཚལ་ལོ།
།ལྷོ་ལེགས་པ་ཀུན་འབྱུང་ལ་ཕྱག་འཚལ་ལོ།
།ནུབ་སྙོམས་པ་ལྷུན་གྲུབ་ལ་ཕྱག་འཚལ་ལོ།
།བྱང་སྲིད་པ་སྐོས་འདེབས་ལ་ཕྱག་འཚལ་ལོ༑
༑ཤར་ལྷོ་ས་མཁན་ལམ་མཆོག་ལ་ཕྱག་འཚལ་ལོ།
།ལྷོ་ནུབ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༑
༑ནུབ་བྱང་ཐམས་ཅད་མཁྱེན་གཟིགས་ལ་[6]ཕྱག་འཚལ་ལོ།
།བྱང་ཤར་ཡེ་ཤེས་འབྱུང་གནས་ལ་ཕྱག་འཚལ་ལོ།
།སྟེང་སྡུག་བསྔལ་ནད་སེལ་ལ་ཕྱག་འཚལ་ལོ།
།འོག་ཆུ་བོ་བཞི་སྒྲོལ་ལ་ཕྱག་འཚལ་ལོ།
།དབུས་ཕྱོགས་ན་མ་པང་དབྱིངས་ཆེན་ལ་ཕྱག་འཚལ་ལོ།
།ཤར་ཕྱོགས་ན་འོད་དཀར་གནས་འཛིན་ལ་ཕྱག་འཚལ་ལོ།
།བྱང་ཕྱོགས་ན་ཡེ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ།
།ནུབ་ཕྱོགས་ཡེ་སྲིད་ལྷ་ཆེན་ལ་ཕྱག་འཚལ་ལོ།
།ལྷོ་ཁྲི་རྒྱལ་ཁུག་པ་ལ་ཕྱག་འཚལ་ལོ།
།ཤར་ལྷོ་གར་གསས་བཙན་པོ་ལ་ཕྱག་འཚལ་ལོ།
།ལྷོ་ནུབ་གསས་རྗེ་རྨང་པོ་ལ་ཕྱག་འཚལ་ལོ།
།ནུབ་བྱང་གནམ་གསས་དབྱིངས་རུམ་ལ་ཕྱག་འཚལ་ལོ།
།བྱང་ཤར་རྒོད་གསས་ཁམ་པ་ལ་ཕྱག་འཚལ་ལོ།
།སྟེང་ཕྱོགས་མཁའ་འགྱིང་དཀར་པོ་ལ་ཕྱག་འཚལ་ལོ།
།ས་བཅུའི་གཡུང་དྲུང་སེམས་དཔའ་ཐུགས་རྗེ་བྱམས་གསལ་ལ་ཕྱག་འཚལ་ལོ།
།ཤེས་རབ་གསལ་སྒྲོན་ལ་ཕྱག་འཚལ་ལོ།
།མཐུ་དབང་སྟོབས་ཆེན་ལ་ཕྱག་འཚལ་ལོ།
།གསེར་འོད་འབར་བ་ལ་ཕྱག་འཚལ་ལོ།
།ནམ་མཁའ་སྣང་བྱེད་ལ་ཕྱག་འཚལ་ལོ།
།མི་ཤེས་མུན་སེལ་ལ་ཕྱག་འཚལ་ལོ།
[7]།སྲིད་པ་ཀུན་ཤེས་ལ་ཕྱག་འཚལ་ལོ།
།སྨོན་ལམ་མཐའ་ཡས་ལ་ཕྱག་འཚལ་ལོ།
།ཡེ་ཤེས་དབང་ཐོབ་ལ་ཕྱག་འཚལ་ལོ།
།འཁོར་བ་སྤངས་པའི་གཤེན་རབ་བརྒྱད་ནི།
ཤར་ཕྱོགས་ཡེ་གཤེན་སྙིང་པོ་ལ་ཕྱག་འཚལ་ལོ།
།བྱང་བདུད་རྩི་གྲུབ་པ་ལ་ཕྱག་འཚལ་ལོ།
།ནུབ་ཐུགས་རྗེ་འགྱུར་མེད་ལ་ཕྱག་འཚལ་ལོ།
།ལྷོ་ཐུགས་རྗེ་སྒྲོན་མ་ལ་ཕྱག་འཚལ་ལོ།
།ཤར་ལྷོ་ཚངས་པ་གསལ་འདོན་ལ་ཕྱག་འཚལ་ལོ།
།བྱང་ཤར་ལྕེ་རྒྱལ་པར་ཏི་ལ་ཕྱག་འཚལ་ལོ།
།ནུབ་བྱང་ཏི་སངས་རང་ཞི་ལ་ཕྱག་འཚལ་ལོ།
།ལྷོ་ནུབ་སྣང་བ་མདོག་ཅན་ལ་ཕྱག་[4]འཚལ་ལོ།
།ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུཿ
ཨ་ཨ་ཨད་ཨཱོྃ་སལ་སལ་ཧ་འ་ཧཱུྃ་འོད་ལམ་ལམ་ཡང་ཡང་རཾ་རཾ་ཁཾ་ཁཾ་སྲུཾ་སྲུཾ་ཨཱོྃ་ཨཱོྃ་ཨ་ལོ་སྤར་ཨ་ལམ་གསལ་ཟེར་སྤྲོས་འོད་རུམ་ཁྱབ་བདལ་སྤྲོས་པ་མཁའ་ལ་མཉམ་སྟེ་གདལ་བདལ།
ཨ་ལས་ཨ་བྱུང་སྐྱེ་མེད་ཐུགས་རྗེ་ཆེ།
།ཨ་དཀར་མ་རིག་མུན་པ་སངས།
།སལེ་རང་དོན་འོད་ནི་གཞན་དོན་ཏེ།
།ཨ་ནི་ཐིག་ལེ་བྱང་ཆུབ་སེམས།
།ཡང་ནི་འདེགས་པར་བྱེད་པའོ།
[8]།ཨཱོྃ་ནི་ཡེ་ཤེས་ལྔ་ཤར་བ།
།འདུ་ནི་རིག་པ་བྱང་ཆུབ་སེམས།
།ཨ་ལ་ཨ་སྐྱེ་དབྱིངས་ལས་ཡེ་ཤེས་སྐྱེས།
།ཨ་དབྱིངས་ཡེ་ཤེས་གཉིས་མེད་ཡིན།
།ཨཱོྃ་ནི་དབྱིངས་ཡུམ་ཡེ་ཤེས་ལྷ།
།སལ་སལ་འགྲོ་དོན་མཛད་པའོ།
།ཧ་ལས་ཨ་བསྐྱེད་ཐབས་དང་ཤེས་རབ་བོ།།ཧཱུྃ་འོད་ཐབས་དང་ཤེས་རབ་ཟུང་འཇུག་གོ
།ལམ་ལམ་འགྲོ་དོན་མཛད་པའོ།
།ཡཾ་རཾ་ཁཾ་ལཾ་སྲུཾ་ཨཱོྃ་ཨཱཿ
ཡེ་ཤེས་ལྔ་ཤར་དཔའ་བོ་འབྲུ་ལྔའོ།
།ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱཧཱཿ
རིགས་དྲུག་འཁོར་བ་དོང་སྤྲུགས་སོ།
།སྣོད་བཅུད་འཇིག་རྟེན་མཐའ་ཡས་པ།
།ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ།
།འགྲོ་བ་འདྲེན་སྟོན་ཉི་ཟླ་ལྟར།
།འཁོར་བ་མ་སྟོང་བར་དུ་འབྱུང་།
།ཐུགས་རྗེ་རྒྱུན་ཆད་མེད་པའོ།
།སྟོན་པས་དེ་སྐད་གསུངས་མ་ཐག
།ས་ཡང་རྣམ་པ་དྲུག་ཏུ་གཡོས།
།འོད་དང་འཇའ་དང་མེ་ཏོག་ཆར།
།ལྷ་ཡི་ལོངས་སྤྱོད་ཆར་དུ་བབས།
།འཁོར་རྣམས་ཤེས་རབ་སྤོབས་པ་ལྡན།
།ཀུན་ཀྱང་དགའ་[9]བདེ་རབ་དུ་ཐོབ།
།རི་རབ་རི་ཡི་རྩེ་མོ་རུ།
།འགྲོ་བ་འདུལ་བའི་གཤེན་དྲུག་སྤྲུལ།
།གནས་རིགས་སུམ་ཅུ་རྩ་གསུམ་དུ།
།འདུལ་བའི་བོན་པོ་སུམ་ཅུ་རྩ་གསུམ་སྤྲུལ།
།འགྲོ་བ་འདུལ་བའི་ཆོ་འཕྲུལ་དུ།
།བོན་ཀྱང་སྐད་འགྱུར་རེ་རེ་བཞག
།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།།
Brak komentarzy:
Prześlij komentarz