།།དེ་ནས་སྟོན་པ་གཤེན་རབ་ལ།
།བདུད་རྗེ་ཁྱབ་པས་ཞུས་པའི་མདོ།
།ཨེ་མ་སྟོན་པ་[79]གཤེན་རབ་མཆོག
།སྟོན་པས་ཅི་ཡང་མ་བྱས་པར།
།ང་ཡིས་མ་བྱས་དགུ་བྱས་ལ།
།སྟོན་པའི་བ་སྤུ་བསྐྱོད་མ་ནུས།
།ཅི་ཡང་མ་བྱས་བདེན་པར་སོང་།
།མ་བྱས་དགུ་བྱས་རྫུ་འཕྲུལ་ཟད།
།ཁྱབ་པ་བདག་ལ་[213]བོན་ཅིག་ཤོད།
།ཅེས་སྨྲས་སྟོན་པས་བཀའ་བསྩལ་བ།
།བདུད་རྗེ་ཁྱབ་པ་ཅུང་ཟད་ཚུར་ཉོན་དང་།
།ང་དང་ཁྱོད་ནི་དང་པོ་ནི།
།དམྱལ་བར་སོག་ལེ་དྲང་དུས་སུ།
།ང་བཅད་གཏུབ་ལས་ལ་སྙིང་རྗེ་སྐྱེས།
།ཡི་དྭགས་བཀྲེས་སྐོམ་གདུངས་དུས་སུ།
།བཟའ་བཏུང་རྙེད་ཚད་རོགས་ལ་བྱིན།
།བྱོལ་སོང་བྱ་ཁྱུར་སྐྱེས་ཙམ་ན།
།བྱའི་དགེ་བསྙེན་བདག་གིས་བྱས།
།བདག་གནས་གཙང་ལྷ་བུ་གསལ་བར་སྐྱེས།
།དེ་ཚེ་འབུམ་ཁྲི་གློག་སྒྲོན་ལ།
།སྟོན་པར་འབྱུང་བར་སེམས་བསྐྱེད་ཐོབ།
ཁྱེད་ནི་བདུད་རྗེ་དགའ་རབ་དྲུང་།
།བདུད་ཕྲུག་རྟུལ་ཤུགས་ཅན་གྱུར་ཚེ།
།བདག་ལ་འགྲན་ཏེ་དམོད་པ་བོར།
།དེ་དུས་བདག་གིས་བཟོད་པ་ཐོབ།
།བདག་ནི་མི་ཡུལ་བྲམ་ཟེ་སྣང་བྱེད་གྱུར།
།རང་བྱུང་ཐུགས་རྗེའི་སྟོན་པ་ལ།
།མེ་ཏོག་གཏོར་ཏེ་སེམས་བསྐྱེད་ཐོབ།
།ཁྱོད་བྲམ་ཟེ་རྐུ་དུག་ཅན་དུ་གྱུར།
།ང་ལ་རྐུ་དུག་ཁྱོད་[214]ཀྱིས་བཏང་།
།ངས་བྱམས་སེམས་བསྐྱེད་དེ་བཟོད་པ་ཐོབ།
།བདག་རྒྱལ་བུ་དགེ་རྒྱས་གྱུར་དུས་སུ།
།སྟོན་པ་འཁོར་བ་ཀུན་འདྲེན་པ།
།བདུད་རྩིའི་ས་ཞག་དྲངས་པར་གྱུར།
།ཁྱོད་ནི་རྨད་བྱུང་ཤེས་པར་གྱུར།
།བདག་ལ་མཚོན་ཆས་བརྡེག་པ་ལ།
།མཚོན་ཆས་མ་ཟུག་ཞིག་པར་གྱུར།
།བདག་ཚོགས་དཔོན་བུ་རུ་སྐྱེས་ཙམ་ན།
།རང་ཕམ་རོགས་ལ་དྲང་རྒྱལ་བགྱིས།
།ཁྱོད་རྒྱུད་གཏུམ་པར་གྱུར་པ་ཡིས།
།ང་ནི་མི་ནོར་རྣམས་རྐུ་འཕྲོག་ཟེར།
།རྒྱལ་པོས་ཁྱོད་ལ་ཆད་པ་བཅད།
།བདག་བྲམ་ཟེ་དཀོར་ཕྱུག་བུར་སྐྱེས་ཚེ།
།སྟོན་པ་ཚད་མེད་ཐུགས་རྗེ་ལ།
།མུ་ལེ་དྲུམ་ཤིང་གཙུག་ཕུད་ཚེ།
།ཁྱོད་རྟུལ་ཤུགས་ཅན་དུ་སྐྱེས་ཙམ་ན།
།བདག་གི་དཀོར་ལ་བརླམས་དུས་སུ།
།ཡུལ་མིས་ཁྱོད་ལ་ཁྲིམས་ཀྱང་བཅད།
།བདག་རྗེའུ་རིགས་བློ་གྲོས་གྱུར་དུས་སུ༑
༑སྟོན་པ་ཐམས་ཅད་མཁྱེན་གཟིགས་ལ།
།ལོངས་སྤྱོད་[215]འབྲས་བུའི་ཕུང་པོ་ཕུལ།
།བདག་གཤེན་རབ་མི་བོར་ལུང་བསྟན་དུས།
།ཁྱོད་རྨངས་རིགས་ཤན་དམར་ཅན་དུ་གྱུར།
།འབྲས་བུའི་ཕུང་པོ་གཏོར་བ་ལ།
།གཏོར་བ་ཙམ་གྱིས་མང་དུ་འཕེལ།
།ཁྱོད་དེ་ལ་ཕྲག་དོག་སྐྱེས་གྱུར་ཏེ།
།ང་སྟོན་པ་གཤེན་རབ་གྱུར་དུས་སུ།
།ཁྱོད་བདུད་རྗེ་ཀུན་ཁྱབ་གཅིག་གྱུར་ལ།
།ཁྱེད་ལ་འགྲན་དང་དོར་བསྡོས་ཤོག
།ཁོས་དམོད་པ་བོར་ཏེ་ང་ལ་ནི།
།ཕྲག་དོག་མེད་པར་བཟོད་པ་ཐོབ།
།བདག་གཏོ་བུ་བློ་གསལ་གྱུར་པའི་ཚེ།
།སྟོན་པ་གཏོ་རྒྱལ་ཡེ་མཁྱེན་ལས།
།རིན་པོ་ཆེའི་གཏེར་[80]མཛོད་ཕུལ།
།སྟོན་པ་དཔེའུ་ཙེ་རྣམ་གསུམ་བཞག
།ཁྱོད་བདུད་ཕྲུག་རྙོབ་པ་ལག་རིངས་གྱུར།
།ང་ལ་བར་ཆོད་སྣ་དགུ་བྱས།
།བདག་ནི་བྱམས་ཆེན་བཟོད་པ་བསྒོམས།
ཁྱོད་གདུལ་བྱར་གཟུད་པར་སེམས་བསྐྱེད་དོ།
།བདག་ནི་གཤེན་རབ་མི་བོ་འཁྲུངས་དུས་སུ།
།ཁྱོད་[216]ཨུ་དུམ་ཝ་རའི་རྩ་བ་བཅད།
།བཅད་པ་ཙམ་གྱིས་ལོ་འདབ་རྒྱས།
།འཛམ་བུ་ཤིང་ནི་སྐྱེས་དུས་སུ།
།རྩ་བ་བཅད་དེ་ལོ་འདབ་རྒྱས།
།བདག་དང་པོ་ལྷུམས་སུ་ཞུགས་དུས་སུ།
།ཡུལ་ལ་ནད་ཀྱི་མུན་པ་ཕབ།
།ལྷ་ཡི་བདུད་རྩིས་ནད་སོས་གྱུར།
།དེ་ནས་སྐུ་ནི་བལྟམས་དུས་སུ།
།མངལ་སྒོ་སྲིན་གྱིས་ཡུལ་ལ་སྒོག་ཙམ་ནས།
།བདག་མ་ཡི་མཆན་ཁུང་གཡས་ནས་བྱུང་།
།ཁྱོད་མྱ་ངན་ཐང་ལ་སྒྱུར་མཆིས་ཙ།
།རྒྱལ་པོས་ཕྱག་གིས་སྐུ་ཕྱིས་བླངས།
།ཁྱོད་དུག་ཆུ་ནག་པོ་འཐོར་མཆིས་ཙ།
།ལྷ་དང་ཀླུ་ཡིས་སྐུ་ཁྲུས་གསོལ།
།བདག་ཕྱོགས་བཞིར་གོམ་པ་འདོར་དུས་སུ།
།ཁྱོད་ལྕགས་ཀྱི་ཏར་ཚན་བཀོད་པ་ལ༑
༑རྗེས་ལ་མེ་ཏོག་པད་མ་འཁྲུངས།
།བདག་བྲམ་ཟེ་གསལ་བས་བལྟས་པའི་ཚེ།
།ཁྱོད་མྱ་ངན་སྡིག་པའི་བུ་ཡང་བཏང་།
།བདག་ཡབ་ཀྱིས་རྒྱལ་སར་ཕྱུང་ཙམ་ན།
།ཁྱོད་འབངས་རྣམས་བྱེར་བར་རིགས་སོ་ཟེར།
[217]།བདག་དགུང་ལོ་གསུམ་ལ་སྐུ་འཆག་དུས།
།ཁྱོད་རི་དང་མེ་འབར་སྤྲུལ་པ་ལ༑
༑མེ་འབར་པད་མའི་ཚལ་དུ་གྱུར།
།བདག་ཡབ་ལ་བོན་ནི་ཉན་དུས་སུ།
།ཁྱོད་ཡབ་ཀྱི་ཆས་སུ་ཞུགས་ནས་བསླུས།
།ཡུམ་ལ་མེ་ཏོག་གཏོར་དུས་སུ།
།ཡུམ་གྱི་ཚུལ་དུ་ཞུགས་ནས་བསླུས།
།བདག་གཤེན་རབ་སློབ་དཔོན་མཛད་དུས་སུ།
།སློབ་དཔོན་ཆས་སུ་ཞུགས་ནས་བསླུས།
།བདག་སྒོ་བཞི་མཛོད་ལྔ་བཤད་དུས་སུ།
།ཁྱོད་གསས་ཆེན་རུ་བཞིར་སྤྲུལ་ནས་བསླུས།
།གཤེན་རབ་ཁབ་ནི་བཞེས་དུས་སུ།
།ཁྱོད་གཤེན་རབ་བཙུན་མོར་སྤྲུལ་ནས་བསླུས།
།བདག་ལ་སྲས་སུ་འཁྲུངས་པའི་ཚེ།
།ཁྱོད་ལྷ་བུ་ཀླུ་བུར་སྤྲུལ་ནས་བསླུས།
།བདག་ཕྱྭའི་སྟོན་པར་གཤེགས་དུས་སུ།
།ཁྱོད་ཀྱིས་བཙུན་མོ་རྣམས་ཀྱང་བསླུས།
།གཏོ་སྒྲོ་དཔྱད་སྒྲོ་བསྲེག་ཏུ་བཅུག
།དཔོ་ཟ་ཐང་པོ་བསླུས་པ་ཡིས།
།བདུད་བུ་གོ་བོ་ཆུང་ཡང་སྤྲུལ།
།མོ་བོན་སྡིག་ཏོ་བདུད་ལས་བྱས།
[218]།ཁྱོད་གཤེན་ཟ་ནེའུ་ཆུང་བསླུས་ནས་ཁྱེར།
།བུ་སྟག་བུ་ཐུང་དང་གཟིག་བུ་ཐུང་།
།ཚ་བོ་བཅས་པ་བསླུ་པར་སེམས།
།ཁྱོད་དཀོར་ལ་ཆོ་འཕྲུལ་བསྟན་དུས་སུ།
།ཁྱོད་རྟ་བདུན་ཁྱེར་ནས་རྐོང་པོ་ཡུལ་ལ་ཁྱེར།
།བདག་རྐོང་ལྕམ་ཁབ་ཏུ་བཞེས་ཙམ་ན།
།ཁྱོད་རྐོང་རྗེ་བཅས་ཏེ་བར་ཆོད་བྱས།
།བདག་ཀོང་ཙེ་ལྷ་ཡི་དོན་བགྱིས་ཚེ།
།ཁྱོད་ཀླུ་སྲིན་བསྟོད་ནས་དམག་ཀྱང་བྱས།
།བདག་ཁྱིམ་སྤངས་རབ་ཏུ་བྱུང་ཙམ་[81]ན༑
༑ཁྱོད་བདུད་ཀྱི་བུ་བསླུ་བར་བཏང་།
།བདག་གཡུང་དྲུང་དགུ་བརྩེགས་རྩེར་བྱུང་ཚེ།
།ཁྱོད་བདུད་དམག་བྱེ་བ་ས་ཡ་དྲངས།
།བདག་བར་པོ་སོ་བརྒྱད་བཞུགས་པའི་ཚེ།
།ཁྱོད་ཕྱོགས་བཞི་དག་ནས་དམག་ཀྱང་བཅས།
།ཁྱོད་བདུད་ཀྱི་རིགས་རྣམས་སྟོང་དགོས་ཤིང་།
།བདག་གཤེན་རབ་འཁོར་བ་སྤོང་ལ་དགའ།
།འཁོར་རྣམས་ཐམས་ཅད་སངས་རྒྱས་འགྱུར།
།གཤེན་རབ་འགྲོ་[219]བའི་དོན་ལ་དགོངས།
།ང་ཡིས་འགྲོ་དོན་ཀུན་བྱས་ཀྱང་།
།ཁྱབ་པ་ཁྱོད་ཀྱི་དོན་ལ་གཏད།
།བདུད་སེམས་ལྷ་རུ་གྱུར་པ་ནས།
།གཤེན་རབ་མྱ་ངན་ཡོངས་འདས་སོ།
།ཁྱབ་པ་གཅིག་བུར་རབ་ཏུ་བྱུང་།
།འཁོར་སྤངས་ད་ལྟ་དགོངས་པ་གྱིས།
།འཕྲུལ་ངག་བདེན་པའི་བོན་ལ་སྤྱོད།
།སྡིག་ཏོ་བདུད་ཀྱི་ལས་རྣམས་སྤོངས།
།གཤེན་རབ་བཀའ་ལ་འདའ་མི་བྱེད།
།བཀའ་ལ་མ་འདའ་ཐར་བར་འགྲོ།
།ཁྱབ་པ་སྔར་བྱས་སྡིག་ལ་འགྱོད་ཚངས་གྱིས།
།འགྱོད་པ་ཚངས་དག་ཐོབ་པ་ཡིན།
།དག་པས་ཐར་ལམ་ཐོབ་པ་ཡིན།
།ཞེས་གསུངས་ཁྱབ་པའི་སེམས་རྙེད་དེ།
།བདུད་སེམས་ལྷ་རུ་གྱུར་ཙམ་ན།
།གཤེན་རབ་མྱ་ངན་འདས་པ་ལ།
།དགའ་བ་སྐྱེས་ནས་རབ་ཏུ་བྱུང་།
།བཙུན་པ་རྟུལ་ཤུགས་ཅན་དུ་བཏགས།
།སྟོན་པའི་བསྟན་པ་རྗེས་སུ་བསླབ།
།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
[220]།བདུད་རྗེ་ཁྱབ་པ་རབ་ཏུ་བྱུང་སྟེ་སྟོན་པའི་བསྟན་པར་རྗེས་སུ་བསླབ་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz