།།དེ་ནས་བདུད་རྗེ་ཁྱབ་པས་གཤེན་རབ་ལ་འདི་སྐད་སྨྲས། སྟོན་པ་གཤེན་རབ་ཅུང་ཚུར་གསོན། །ཁྱོད་ཀྱིས་འཛམ་བུ་གླིང་འདི་རུ། །འགྲོ་བའི་དོན་རྣམས་རྫོགས་ཟིན་ན། །སྟོན་པ་མྱ་ངན་འདས་བར་རིགས། །ཅེས་སྨྲས་སྟོན་པས་བཀའ་བསྩལ་བ། །རེའུ་རྨིག་གང་གི་ཆུ་ཙམ་ལ། །རྒྱ་མཚོའི་ཆུ་ལས་གང་མང་དྲིས། །བདུད་ཀྱིས་རྒྱ་མཚོའི་ཆུ་མང་སྨྲས། །འོ་ན་བདག་གིས་དོན་བྱས་སེམས་ཅན་ནི། །རེའུ་རྨིག་གང་གི་ཆུ་དང་ནི། །དོན་མ་བྱས་པའི་སེམས་ཅན་རྒྱ་མཚོ་ཙམ། །དེ་ན་མྱ་ངན་འདའ་མི་བཏུབ། །ཅེས་པས་བདུད་ཀྱང་ལོག་ནས་སོང་། །དེ་ནས་སྟོན་པ་གཤེན་རབ་ལ༑ ༑གཤེན་བུ་རྒྱུད་འཛིན་གྱིས་ཞུས་པ། །ཨ་བོ་ཡབ་གཅིག་གཤེན་རབ་ལགས། །སྟོན་མཆོག་[82]འོལ་མོ་གླིང་བཞུགས་ནས། །དུར་བུ་གླིང་འདི་ཉམས་མི་དགའ། །ཨུ་[221]དུམ་འབར་བའི་མེ་ཏོག་རྙིད། །འཛམ་བུའི་ཤིང་གི་ལོ་མ་སྐམ། །སྐྱེད་མོས་ཚལ་གྱི་མེ་ཏོག་ཟད། །ཕོ་གླིང་མོ་གླིང་ཉམས་མི་དགའ། །བར་པོ་སོ་བརྒྱད་བཀྲག་ཀྱང་ཆུང་། །སྟོན་པ་ཉིད་ཀྱི་ཞལ་ནས་ཀྱང་། །བདུད་སེམས་ལྷ་རུ་གྱུར་པ་ནས། །གཤེན་རབ་མྱ་ངན་འདའ་གསུངས་ནས། །ཁྱབ་པ་དགའ་མགུ་རབ་ཏུ་བྱུང་། །གཤེན་རབ་སྨྲ་བ་ཚིག་གཅིག་ཡིན། །བརྟུལ་ཞུགས་ཅན་གྱི་དབང་གྱུར་ནས། །གཤེན་རབ་མྱ་ངན་འདས་འགྱུར་རམ། །འོན་ཀྱང་མྱ་ངན་མ་འདས་བཞུགས། །སྟོན་པས་བདག་ལ་བཤད་དུ་གསོལ། །ཅེས་ཞུས་སྟོན་པས་བཀའ་བསྩལ་བ། །ཀྱེ་མ་རྒྱུད་འཛིན་ལ་སོགས་འཁོར། །གཤེན་རབ་དུས་གསུམ་མཉམ་གྱུར་ཀྱང་། །མི་ལོ་བརྒྱ་དང་གཤེན་ཞག་གཅིག །ཞག་ནི་སུམ་བརྒྱ་དྲུག་ཅུ་འོ༑ ༑གཤེན་ལོ་བརྒྱད་ཅུ་ཐམ་པ་ན། །བདུད་ཀྱིས་མྱ་ངན་འདའ་ཞུས་ཏེ། །འཆི་བདག་ལས་བཙན་དབང་དུ་ནས། [222]།མྱ་ངན་འདས་པའི་དུས་ཡིན་ཏེ། །འཆི་བདག་བདུད་ལས་ཟློག་པ་དང་། །བདུད་སེམས་ལྷ་རུ་བསྒྱུར་བའི་ཕྱིར། །ལོ་གཉིས་ཕྱི་བཤོལ་བཏབ་པ་ཡིན། །ད་ནི་བརྒྱད་ཅུ་རྩ་གཉིས་ལོན། །གཤེན་རབ་རྫུ་འཕྲུལ་རྐང་པ་ལྡན། །འདའ་དང་མི་འདའ་རང་དབང་ཆེ། །ཡེ་ཤེས་རྫུ་འཕྲུལ་རང་དབང་ཆེ། །རང་དབང་ཆེ་བར་གྱུར་ན་ཡང་། །སེམས་ཅན་རྨོངས་པའི་ལས་ངན་ནི། །གཤེན་རབ་མཐུ་ཡང་རྡུགས་པ་ཡིན། །འཛམ་བུའི་གླིང་དུ་མཛད་པ་རྫོགས། །རྟག་འཛིན་ཅན་གྱི་རིགས་རྣམས་ལ། །འཁོར་བ་མི་རྟག་ཚུལ་བསྟན་ཕྱིར། །བདག་ནི་ཡོངས་སུ་མྱ་ངན་འདའ། །མྱ་ངན་མ་བྱེད་ཞེན་རྟག་ཅན། །གདུང་བར་མ་བྱེད་རྒྱུད་འཛིན་དག །ད་ནི་འགྲོ་བ་མཐའ་དག་ལ། །འདའ་བ་རབ་ཏུ་ཕན་པར་དགོངས། །ཞེས་གསུངས་དུར་བུ་གླིང་དུ་བཞུགས། །སྟོན་པ་མྱ་ངན་འདའ་འོ་ཞེས། །ནམ་མཁའ་དག་ལ་སྒྲ་བྱུང་ནས། །ཡ་བཞི་ཟུང་བརྒྱད་འཁོར་རྣམས་ཚོགས། །སྟོན་པ་བསྙུང་བའི་[223]ཚུལ་བསྟན་ཏེ། །དཔྱད་བུ་ཁྲི་ཤེས་དཔྱད་བྱས་ཀྱང་། །ཕྱི་ཡུལ་དབང་པོ་སྒོ་དཔྱད་ཀྱང་། །སྟོན་པའི་དབང་པོ་གཟི་མདངས་གསལ། །རེག་བྱས་རྩ་ལ་དཔྱད་བྱས་ཀྱང་། །ལུས་ཀྱི་རེག་བྱས་རྩ་ནི་སྙོམས། །ཡབ་ཀྱི་ཅི་ན་ཞུས་ན་ཡང་། །ཨ་བོ་ཨ་ནས་ཞེས་ཀྱང་གསུངས། །དེར་དཔྱད་བུ་དཔྱད་སྒོ་མ་ཚུགས་སྟེ། །ཡབ་ཅིག་གཤེན་རབ་བསྙུང་བ་ལ། །དཔྱད་བུ་བསྙུང་ནས་ངོས་མ་ཟིན། །ཡབ་གཅིག་ཨ་བོ་ཨ་ན་ཞིང་། །དེ་ལ་སྟོན་པས་བཀའ་བསྩལ་བ། །ཉོན་ཅིག་དཔྱད་བུ་ཁྲི་ཤེས་དག །སྤྱིར་ན་སེམས་ཅན་ན་བ་དག །ཐོག་མ་མེད་ནས་ད་བར་[83]དུ༑ ༑མ་རིག་མ་རྟོགས་འཁྲུལ་པ་ན། །བདག་གཤེན་རབ་སྔོན་ནས་ལན་ཆགས་བྱང་། །དབང་པོ་སྒོ་བསལ་ལན་ཆགས་འཇལ། །ཉོན་མོངས་བརྒྱད་ཁྲིའི་རྩ་བ་སྦྱངས། །སེམས་ཀྱི་ཟུག་ངུ་ན་ཟུག་མེད། །ཨ་བོ་ཡབ་ཅིག་གཤེན་རབ་ཡིན། །ཨ་[224]ནི་སྐྱེ་བ་མེད་པ་ཡིན། །བོ་ནི་འགག་པ་མེད་པ་ཡིན། །ན་བ་འཁོར་བའི་སྡུག་བསྔལ་ཡིན། །གཤེན་རབ་འཁོར་བ་མྱ་ངན་འདས། །འཁོར་བའི་སྡུག་བསྔལ་ནད་སྦྱང་ཡིན། །སྐྱེ་དང་འཆི་དང་ན་བར་བསྟན། །ཕུང་པོ་ནད་ཀྱི་རྒྱུ་ཡིན་ཏེ། །ནད་ཀྱི་རྩ་བ་མ་རིག་པས། །དུག་གསུམ་རྒྱུད་ལས་ནད་གསུམ་བྱུང་། །རླུང་དང་མཁྲིས་པ་བད་ཀན་གསུམ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་ཡིན། །གཤེན་རབ་འཁོར་བའི་སྡུག་བསྔལ་སངས། །སྡུག་བསྔལ་མྱ་ངན་ལ་འདས་པ། །བདེ་བ་ཆེན་པོ་བོན་སྐུ་ཡིན། །ས་བཅུའི་འདུལ་དཔོན་ལོངས་སྤྱོད་རྫོགས། །ཅིར་ཡང་སྤྲུལ་སྐུས་རིགས་དྲུག་སྦྱོང་། །མྱ་ངན་འདའ་བར་ཡོད་མ་བསམ། །འདའ་གར་ཡེ་ཤེས་མདོ་འདི་ཟུངས། །ལུས་ཅན་འཆི་བ་དུས་ཀྱི་ནད། །ནད་གཞི་འབྱུང་བ་སོ་སོ་འཁྲུགས། །ལུས་གཟུགས་དབང་པོ་ཀུན་ཀྱང་ཉམས། །སྲོག་གི་དབང་པོ་རླུང་ཡང་འགགས། །ཕྱི་ཡི་འབྱུང་བ་དུས་ཀྱིས་ཐིམ། །ནང་གི་དབང་པོ་ཀུན་གཞིར་བསྡུས། །རང་བྱུང་རིག་པའི་ཡེ་ཤེས་ཐིམ། །ལུས་སེམས་[225]བེམ་རིག་སོ་སོར་ཕྲལ། །བར་དོ་བག་ཆགས་རྟ་ལ་ཞོན། །ལས་དབང་སྐྱེ་སྒོ་བཟང་ངན་ལེན། །ཅི་སྲིད་འཁོར་བ་བརྒྱུད་པའི་འཕྲོ། །རབ་ཀྱིས་གཤེན་རབ་རྟོགས་པས་ཆོད། །འབྲིང་གིས་དགེ་བའི་འཕེན་ཤུགས་བསྐྱེད། །ཐ་མ་ཨུ་དུམ་ཝ་རའི་ལམ། །ཀྱེ་མ་རང་སེམས་དག་ལ་གཤེན་རབ་སྟེ། །སངས་རྒྱས་གཞན་དུ་མ་བཙལ་ཏེ། །སེམས་ནི་སྐྱེ་མེད་དོན་རྟོགས་པ། །རང་བྱུང་ཡེ་ཤེས་ཤར་བ་འོ། །སེམས་ཅན་ཐམས་ཅད་མར་གྱུར་པས། །བྱམས་པ་སྙིང་རྗེ་རྩེ་གཅིག་སྒོམས། །སྲིད་པ་འཆི་བ་མི་དགེ་བའི། །ལས་ངན་སྡིག་པ་རབ་ཏུ་སྤོངས། །མཐོ་རིས་གྲོལ་བའི་རྒྱུ་ཡིན་ཏེ། །དགེ་བ་ཀུན་གྱི་རྗེས་སུ་ཞུགས། །ནོར་རྫས་འཇིག་རྟེན་སྒྱུ་མ་སྟེ། །ཆགས་མེད་སྦྱིན་པ་རབ་ཏུ་བཏང་། །ཕུང་པོ་འདུས་བྱས་འཇིག་པའི་རྒྱུ། །ཞེན་པ་རབ་ཏུ་མེད་པར་རྫོགས། །དུས་གསུམ་གཅིག་སྟེ་དབྱེར་མེད་པས། །འདའ་དང་མི་འདའ་[226]མེད་པར་བསྒོམ། །སེམས་ནི་སངས་རྒྱས་རྒྱུ་ཡིན་པས། །མ་བཅོས་ཀུན་གཞི་བོན་སྐུར་བཞག །འདའ་ཀ་ཡེ་ཤེས་འཕོ་བ་ཡིན། །རང་སེམས་འོད་ཀྱི་ཐིག་ལེར་བསྡུ། །དཀར་ལ་དྲི་མེད་ཉུངས་དཀར་ཙམ། །མ་ཆགས་ཀུན་གཞི་ཚངས་པའི་ལམ། །འོག་མིན་བོན་སྒོ་སྤྱི་གཙུག་འཕོ། །འཕོ་རྐྱེན་གནམ་དུ་མདའ་འཕང་འདྲ། །སྟོན་པས་[84]འདས་ཀར་ཡེ་ཤེས་གསུངས་མ་ཐག །འཇའ་འོད་འོལ་མོའི་གླིང་དུ་འཁྲིགས། །ས་ཡང་རྣམ་པ་དྲུག་ཏུ་གཡོས། །ལྷ་ཀླུ་མཆོད་པའི་ཚོགས་ཀྱང་སྤུངས། །འདུལ་བ་དྲུག་དང་སུམ་ཅུ་རྩ་གསུམ་དང་། །ཕྱོགས་སྐྱོང་སྡེ་བརྒྱད་ཐམས་ཅད་ཕྱོགས་སུ་འཚོགས། །སྒྲ་སྙན་གྲགས་ཤིང་མེ་ཏོག་ཆར་དུ་བབས། །སྟོན་པ་ཉིད་ཀྱང་དཀྱིལ་ཀྲུང་མཉམ་བཞག་མཛད། །སྐུ་གསུང་ཕྱོགས་བཅུར་གཤེན་རབ་གཟིགས། །ཞལ་ནས་ཨ་ཨ་དྲུང་མུ་འོད། །ཁྱབ་གདལ་ཟེར་འཕྲོ་མུ་རུམ་གསལ། །སྐྱེ་[227]བ་མེད་པར་མངོན་སངས་རྒྱས། །འགགས་པ་མེད་པའི་ཐུགས་རྗེ་ཤར། །བརྩལ་མེད་འགྲོ་དོན་རྒྱ་ལག་ཕྱད། །ཅེས་རྗོད་འདའ་བའི་ཚུལ་བསྟན་ནོ། །སྤྱི་གཙུག་ཨ་དཀར་སྐར་མདའ་བཏང་པ་ལྟར། །མི་མངོན་ནམ་མཁའི་དབྱིངས་ཐིམ་ཀུན་ལ་གསལ། །ལ་ལས་སྟོན་པ་མྱ་ངན་འདས་ཞེས་བརྗོད། །ལ་ལས་སྟོན་པ་གཤེན་རབ་གཤེགས་ཞེས་དྲོད་ཀྱང་ཉུལ། །དྲོད་དང་འོད་ནི་སྤྱི་བོའི་གཙུག་ཏུ་འདུས། །ལ་ལས་སྐྱོ་བ་ཆེར་སྐྱེས་འཇུས་ནས་ངུས། །ལ་ལས་མཉམ་པའི་དོན་རྟོགས་བཞུགས། །ཞག་བདུན་བར་དུ་འོད་ཀྱིས་གདུང་ཡང་གཡོགས། །གདུང་གཉེར་ཇི་ལྟར་བྱེད་ཅེས་གླེང་པ་ལ། །སེང་གེ་བརྒྱད་བསྣོལ་ཕུག་ནས་མདོ་སྡུད་དགོངས་པ་ཤེས། །བཙུན་པ་བརྟུལ་ཞུགས་ཅན་གྱིས་མདོ་སྡུད་གདན་དྲངས་ཏེ། །གཤེན་རབ་གདུང་གཉེར་མཛད་པར་ཀུན་གྱིས་ཞུས། །གསེར་གྱིས་[228]ཞུགས་ཁང་གཡུ་རྩེ་བཞེངས་པ་རུ། །སྟོན་པའི་གདུང་བཞུགས་རྒྱན་སྤྲས་ཏེ། །དགུང་ཞག་བཞི་བཅུ་རྩ་དགུར་མདོ་འབུམ་རྒྱུད་ཀློག་མཛད། །མུ་ཆོ་ལྡེམ་དྲུག་འདྲེན་པར་བྱོན་གྱུར་ནས། །བདེར་གཤེགས་སྟོང་གི་གདུང་ཁང་དཀྱིལ་འཁོར་བྲིས། །རིན་ཆེན་ཁྲི་སྟེང་ཙན་དན་ཞུགས་མེ་ལ། །སྟོན་པའི་གདུང་བཞག་གདུང་མཆོད་ཆེར་བྱས་སོ། །རིན་ཆེན་ལྷ་ཡི་སྦྲམ་བུ་གདུང་རྟེན་ལྔ་ཡང་རུང་། །དེ་ནས་སྐུ་གདུང་བགོས་པ་ནི། གདུང་རྟེན་ལྔ་ནི་སུས་ཀྱང་སྒུལ་མ་ཐུབ། །མདོ་སྡུད་ཕྱག་གིས་བླངས་ཏེ་ཕོ་བྲང་ལྔ་རུ་བཞུགས། །སྟོན་པ་མཛད་པའི་གླིང་དུ་མཆོད་རྟེན་བཅུ་གཉིས་བཞེངས། །ཐུགས་ལྗགས་རིང་བསྲེལ་གདུང་ཁང་བར་པོ་སོ་བརྒྱད་བཞུགས། །ཡ་སོ་ལྷ་དང་མ་སོ་ཀླུས་གདན་དྲངས་ཏེ། །གདུང་སྐལ་སོ་སོར་འོལ་མོ་གླིང་བསྐོར་དུ། །མཆོད་པའི་རྟེན་ཡང་རེ་རེ་བཞེངས། །ཐལ་བ་འདྲེ་སྲིན་དག་གིས་ཁྱེར། །དེ་ལྟར་སྐུ་གདུང་བགོས་པའོ། །དེ་ནས་སྟོན་པའི་འཁོར་རྣམས་ཀྱིས། །བོན་རྣམས་[229]སྡུད་པར་རབ་ཏུ་མཛད། །སྟོན་པ་མྱ་ངན་འདས་ནས་ལོ་གཅིག་ནས། །གཡུང་དྲུང་བཀོད་པའི་གླིང་དུ་ཚོགས། །གསང་བ་མདོ་སྡུད་གསུངས་བའི་མདོ། །སྟོན་པ་གཤེན་རབ་མི་[85]བོ་ཡི། །རྨ་ལོ་གཡུ་ལོ་ཐུགས་ཀྱི་སྲས། །གཏོ་བུ་དཔྱད་བུ་སྐུ་ཡི་སྲས། །ལྷ་བུ་སྲས་བུ་སྤྲུལ་པའི་སྲས། །ལུང་འདྲེན་རྒྱུད་འདྲེན་གཤེན་རབ་སྲས། །འཕྲུལ་བུ་རྐོང་བུ་ཕྱྭའི་སྲས། །བདུད་བུ་བསླུས་བུ་འདིར་མི་གནས། །སྟོན་པ་གཤེན་རབ་མྱ་ངན་འདས། །སྔོན་ཆད་སྐུ་གདུང་བཀོད་པ་རྫོགས། །ད་ནི་བོན་རྣམས་བསྡུ་བར་མཛོད། །བཀའ་དང་རྗེས་སུ་བསྟན་པའི་བོན། །བོན་རྣམས་ཐམས་ཅད་དེ་རུ་འདུས། །བཀའ་དང་རྗེས་སུ་བསྟན་པའི་བོན། །བཀའ་ནི་སྟོན་པས་གསུངས་པ་སྟེ། །བདེ་བར་གཤེགས་པའི་བཀའ་ཞེས་བྱས། །བཀའ་ནི་ཕུན་སུམ་ཚོགས་ལྔར་བཤད། །སྟོན་པ་གནས་དང་འཁོར་དུས་བོན། །རྗེས་སུ་བསྟན་པའི་བོན་ཅེས་པས། [230]།སྟོན་པ་ལྷའི་རྗེས་ཞུགས་ནས། །སྟོན་པའི་འཁོར་གྱིས་གསུངས་པའོ། །དེ་ཡང་རྩིས་འགོ་ལྔ་འཆད་ཏེ། །ཕྱོགས་གར་གཏོགས་དང་རྒྱུད་གར་གནས། །གང་ཟག་གང་གིས་མཛད་དང་མཚན་ཅིར་གསོལ། །དགོས་ཆེད་ཅིའི་ཕྱིར་བརྩམས་པའོ། །སྣོད་སྡེ་ཟུང་གསུམ་ཡ་དྲུག་ཏེ། །ཟུང་དུ་འབྲེལ་བའི་ཚད་མ་གསུམ། །དེ་རུ་མཉམ་པ་བདེན་པ་གཉིས། །གཟུངས་སོ་དག་ལ་འཛིན་ཤེས་ཤིང་། །གདགས་སྒོ་དག་ལ་མིང་ཐོགས་པ། །གོ་ལམ་དག་ལ་དོན་རྙེད་མཛོད། །མདོ་སྡེར་གྱུར་པ་ཐམས་ཅད་ནི། །མདོ་སྡུད་བདག་གིས་བསྡུ་པར་མཛོད། །འབུམ་སྡེར་གྱུར་པ་ཐམས་ཅད་ནི། །རྨ་ལོ་གཡུ་ལོས་བསྡུ་བར་མཛོད། །འདུལ་བ་རྒྱུད་དྲུག་གཙུག་གཤེན་རྒྱལ་བས་སྡུས། །མངོན་པ་སྡེ་བདུན་ལུང་འདྲེན་དག་གིས་བསྡུས། །མདོ་སྡེ་ལུང་འདྲེན་དག་གིས་སྡུས། །གཏོ་རྒྱུད་འབུམ་སྡེ་གཏོ་བུས་སྡུས། །སྨན་དཔྱད་ཉི་ཁྲི་དཔྱད་བུས་སྡུས། །རྒྱུད་འདྲེན་ཨ་དཀར་སྔགས་རྒྱུད་སྡུས། །གསུང་རབ་འབུམ་སྡེ་ངེས་པའི་དོན་རྟགས་ཀྱི། [231]།རགས་རིས་ལེགས་སྐུ་བདེར་གཤེགས་ཞལ་སྐྱིན་གྱིས། །སྐུ་གདུང་རིང་བསྲེལ་ཐུགས་ཀྱི་རྟེན་དུ་གྱིས། །འོལ་མོ་ལུང་རིང་དུ་བསྟན་པ་རྣམ་གསུམ་རྗེས་བཞག་མཛོད། །མདོ་སྡུད་བདག་ཉིད་གསང་བསྒོམ་འགོག་པར་གཤེགས། །མུ་ཆོ་ལྡེམ་དྲུག་སྟོན་པའི་རྒྱལ་ཚབ་གྱིས། །བོན་གྱི་འཁོར་ལོ་ལོ་གསུམ་ཀློག་བཤད་མཛོད། །ཅེས་གསུངས་ཐམས་ཅད་རྗེས་སུ་ཡི་རང་ངོ་། །དེ་ལྟར་གསང་སྡུད་གསུང་གི་རྗེས་སུ་བསྒྲུབས་སོ། །གསང་སྡུད་གཙུག་རུམ་འབར་བའི་རི་ལ་གཤེགས། །མུ་ཆོ་ལྡེམ་དྲུག་བསྟན་པའི་ཀློག་བཤད་མཛད་དེ་ལོ་གསུམ་བཞུགས། །དེ་ནས་མགོན་གསུམ་ཕྱྭའི་གྲོང་དུ་ནི། །འཇའ་ཚོན་འོད་དང་ཆས་པར་གཤེགས། །དེ་ནས་འོལ་དྲུག་ཐང་པོས་ལོ་གསུམ་ཀློག་བཤད་མཛད། །ལྷ་རྒྱུད་ཡེ་ཤེས་རྒྱུད་བཤད་མཛད། །འོད་དྲུག་བར་ལྷ་འོད་གསལ་གཤེགས། [232]།དེ་ནས་རྨ་ལོ་གཡུ་[86]ལོས་ལོ་དྲུག་ཀློག་བཤད་མཛད། །གསུང་རབ་འབུམ་སྡེ་ཚིལ་བུ་རྐྱང་བཤད་མཛད། །རྨ་ལོ་གཡུ་ལོ་གཡུང་དྲུང་དགུ་བརྩེགས་རི་ལ་གཤེགས། །དེ་ནས་གཏོ་བུ་དཔྱད་བུས་ལོ་དྲུག་ཀློག་བཤད་མཛད། །གཏོ་རྒྱུད་གཏོ་རབ་གཡུ་ལོ་ལྗོན་ཤིང་བཤད། །དེ་ནས་ཉི་ཟེར་རྟ་ལ་ཞོན། །དགའ་ལྡན་ལྷ་ཡི་གནས་ནས་གཤེགས། །དེ་ནས་ལོ་དྲུག་ལུང་འདྲེན་རྒྱུད་འདྲེན་སྟོན་པ་མཛད། །ཨ་དཀར་སྔགས་རྒྱུད་མདོ་འགྲེལ་བཤད། །འོག་མིན་ལྷའི་གནས་སུ་གཤེགས། །དེ་ནས་འཕྲུལ་བུ་རྐོང་བུས་ལོ་དྲུག་ཀློག་བཤད་མཛད། །དེ་ནས་རྩིས་དང་ལྷ་རྒྱུད་མདོ་སྦྱར་བཤད། །དེ་ནས་སུམ་ཅུ་རྩ་གསུམ་གཤེགས། །སྟོན་པ་འདས་རྗེས་ལོ་ནི་ཉི་ཤུ་རྩ་བརྒྱད་ནས། །ལྷ་བོན་ཡོངས་སུ་དག་པ་དང་། །ཀླུ་བོན་ཡེ་ཤེས་སྙིང་པོ་དང་། །རྒྱལ་ནི་མི་ལུས་བསམ་ལེགས་ཀྱིས། །བོན་རྣམས་འོལ་མོའི་གླིང་དུ་བྱུང་། །སྟོན་པ་[233]འཁོར་བ་མྱ་ངན་འདས་རྗེས་ལ། །འོལ་མོ་ལུང་དུ་བོན་རྣམས་འདུས་ཞེས་གསུངས་སོ༑ ༑དེ་ནས་འོལ་མོ་ལུང་དུ་བཀའ་དང་རྗེས་སུ་བསྟན་པའི་བོན། །ལོ་ཙཱ་དྲུག་གིས་གཡུང་དྲུང་ལྷའི་སྐད་ལས། །རང་རང་ཡུལ་དུ་སྐད་རིགས་སོ་སོར་བསྒྱུར། །དེར་སྟག་གཟིག་ལོ་ཙཱ་མུ་ཙ་ཏྲ་ཧེ་དང་། །ཞང་ཞུང་ཁྲི་ཐོགས་སྤར་ཚ་དང་། །སུམ་པ་འགུ་ལིང་སྤར་ཡ་དང་། །རྒྱ་གར་ལྷ་བདག་སྔགས་གྲོལ་དང་། །རྒྱ་ནག་ལེགས་ཏང་རྨང་པོ་དང་། །ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དང་། །དེ་ནས་བོད་དུ་རྒྱལ་ཕྲན་བཅུ་གཉིས་རིང་། །བོད་ཀྱི་མཁས་པ་མི་བཞི་ལ་བརྒྱུད། །ལྡེ་བོན་གྱིམ་ཚ་རྨ་ཆུང་དང་། །མི་ཉག་ལྕེ་ཚ་མཁར་བུ་དང་། །སུམ་པ་མུ་སྤུང་གསལ་ཏང་དང་། །ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ནོ། །བོད་ལ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་འཕེལ། །དེ་ནས་སྟོན་[234]པའི་བསྟན་པ་མཐའ་རྒྱས་སོ། །གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེ་ལས། སྟོན་པ་མྱ་ངན་ལས་འདས་པའི་བོན་གྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་བའོ།། །།མདོ་འདུས་པ་རིན་པོ་ཆེ་ཡི་རྒྱུད་ལས། གཡུང་དྲུང་ལྷ་ཡི་སྐད། སྙ་ལི་ཤུ་སྟག་རིང་གིས་བོད་སྐད་དུ་བསྒྱུར་བའོ། །གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། ལེའུ་ཉི་ཤུ་རྩ་བཞི་བ། སྟོན་པ་གཤེན་རབ་མི་བོས་གསུངས་པ་རྫོགས་སོ། །བཀྲ་ཤིས་སོ། །དགེའོ།།
ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz