།།དེ་ནས་སྟོན་པ་གཤེན་རབ་ཀྱིས།
།གཡུང་དྲུང་བཀོད་པའི་གླིང་དུ་ནི།
།དུང་ནི་འཕར་པོ་འཕར་གྲགས་ཏེ།
།འཁོར་རྣམས་བསྡུ་པ་རབ་ཏུ་མཛད།
།ཞལ་སྲོས་བདེར་གཤེགས་ཀུན་[58]འདུས་ཀྱི།
།ཡོངས་སུ་རྫོགས་པའི་མཆོད་པ་མཛད།
།དཀྱིལ་འཁོར་བཀྲ་གསལ་འོལ་མོ་གླིང་།
།རང་བཞིན་ཚོན་གྱི་བཞི་བཀྲ་གསལ།
།ཁ་དོག་ཕྱོགས་མཐུན་མཛེས་པ་འོ།
།དེ་ནས་རྒྱན་རྣམས་བཀྲམ་པ་ནི།
ཨཱོྃ་བདེར་གཤེགས་ཕོ་བྲང་ཉམས་དགའ་འདིར།
[154]།སྟོན་པས་བཀྲ་ཤིས་ལྷ་ཡི་རྫས།
།འཁོར་ལོ་དཔལ་བེའུ་པད་མ་རྒྱལ་མཚན་དང་།
།གདུགས་དང་བུམ་པ་གསེར་ཉ་དུང་།
།བཀྲ་ཤིས་རྫས་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཀྲམ།
།ཨ་དཀྱིལ་འཁོར་ལྷའི་ཕོ་བྲང་འདིར།
།འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་རིན་ཆེན་བདུན།
།འཁོར་ལོ་རིན་ཆེན་རྟ་མཆོག་གླང་པོ་དང་།
།བཙུན་མོ་བློན་པོ་དམག་དཔོན་རིན་པོ་ཆེ།
།ནོར་བུ་རིན་ཆེན་བུམ་པ་བཟང་པོའི་གཏེར།
།རིན་ཆེན་སྣ་བརྒྱད་རྒྱན་དུ་ལེགས་པར་བཀོད།
།མདའ་ཡབ་མེ་ལོང་མེ་ཏོག་འཕྲེང་དང་དར་བུ་ཁད།
།མུ་ཏིག་དྲ་བ་དྲ་ཕྱེད་རིན་ཆེན་འཕྲེང་།
།སེང་གེ་གླང་ཆེན་རྨ་བྱ་ཁྱུང་དང་ཤང་ཤང་ཏེའུ།
།རྟ་མཆོག་པད་མ་ཉི་ཟླ་གདན་ལེགས་བརྒྱན།
།སེང་གེ་ཆུ་སྲིན་ཁྱུང་དང་བྲམ་ཟེ་ན་དྲུག་བརྒྱན།
།མཛེས་པའི་རྒྱན་དྲུག་དག་གིས་རབ་ཏུ་བརྒྱན།
།བླ་བྲེ་གདུགས་དང་རྒྱལ་མཚན་བ་དན་དང་།
།རྔ་ཡབ་དར་དཔྱངས་ཕྱེ་མ་འཕུར་མ་ལྡ་ལྡིས་བརྒྱན།
།དེ་ནས་མཆོད་[155]པ་བཀོད་པ་ནི༑
༑མར་མེ་མེ་ཏོག་འཕྲེང་དང་གདུག་སྤོས་དང་།
།དྲི་ཆབ་བཟང་དང་ཞལ་ཟས་སིལ་སྙན་སྒྲ༑
༑ཡིད་འོང་མཆོད་པ་སྣ་ཚོགས་བཀྲམ་བར་བྱ།
།དེ་ནས་རྒྱུ་མཆོད་བྱང་ཆུབ་སེམས་བསྐྱེད་པ།
།སྣོད་བཅུད་འཇིག་རྟེན་མཐའ་ཡས་ན།
།འགྲོ་བ་ས་ཡི་རྟུལ་བས་གྲངས་མང་རྣམས།
།བླ་མེད་གཤེན་རབ་ས་མཆོག་ཐོབ་པའི་ཕྱིར།
།ནམ་མཁའ་ཇི་བཞིན་ཐུགས་རྗེ་ཆེན་པོ་ཡིས།
།འགྲོ་ཀུན་བླ་མེད་གོ་འཕང་ཐོབ་པར་སེམས་བསྐྱེད་དོ།
།དེ་ནས་བདུད་བགེགས་མཚམས་བཅད་ནི།
ཨཱོྃ་མི་སྐྱེ་མི་འགག་མཚན་མ་མེད་པ་ཡི།
།གཤེན་རབ་དག་པའི་གཡུང་དྲུང་བཀོད་པའི་གླིང་།
།ལྷ་ཡི་གཞལ་ཡས་འོལ་མོ་གླིང་ཆེན་འདིར།
།དགེ་ལ་བར་ཆོད་བྱེད་པའི་བདུད་དང་བགེགས།
།ཁྲོ་ཆེན་རུ་བཞི་རྔམ་པའི་བྱིན་སྟོབས་ཀྱིས།
།ངེས་པར་རྒྱང་མཚམས་ཆོད་ལ་ཐལ་བ་རྡུལ་དུ་རློགས།
།ཤར་ཕྱོགས་[156]འཇིག་རྟེན་མཐའ་ཡས་ཀུན།
།ཟོ་བོ་དབུ་དགུ་བསམ་མི་ཁྱབ།
།སྣང་སྲིད་ཟོ་བོ་དབུ་དགུས་གང་།
།ཤར་ཕྱོགས་གདོན་བགེགས་རྒྱང་མཚམས་ཆོད།
།བསྭོ་གེ་ཞི་མྱལ་མྱལ་རྦུད།ཨ་པར་ཐུམ་དྲག་མ་རག་མ་གཞོབ་ཏུ་ཐོངས།
བྱང་ཕྱོགས་འཇིག་རྟེན་མཐའ་ཡས་ཀུན།
།གཟེ་མ་དབུ་དགུ་བསམ་མི་ཁྱབ།
།སྣང་སྲིད་གཟེ་མ་དབུ་དགུས་གང་།
།བྱང་ཕྱོགས་གདོན་བགེགས་རྒྱང་མཚམས་[59]ཆོད།
།བསྭོ་རག་ཤ་གེ་ཞི་ཐུམ་དྲག་མ་རག་མ་གཞོབ་ཏུ་ཐོངས།
།ནུབ་ཕྱོགས་འཇིན་རྟེན་མཐའ་ཡས་ཀུན།
།རུ་ཅོ་དབུ་དགུ་བསམ་མི་ཁྱབ།
།སྣང་སྲིད་རུ་ཅོ་དབུ་དགུས་གང་།
།ནུབ་ཕྱོགས་གདོན་བགེགས་རྒྱང་མཚམས་ཆོད།
།བསྭོ་གེ་རུད་མྱལ་མྱལ་ཐུམ།
དྲག་མ་རག་མ་གཞོབ་ཏུ་ཐོངས།
།ལྷོ་ཕྱོགས་འཇིག་རྟེན་མཐའ་ཡས་ཀུན།
།རོམ་པོ་དབུ་དགུ་བསམ་མི་ཁྱབ།
།སྣང་སྲིད་རོམ་པོ་དབུ་དགུས་གང་།
།ལྷོ་ཕྱོགས་གདོན་[157]བགེགས་རྒྱང་མཚམས་ཆོད།
།བསྭོ་ཡ་མ་རག་ཤ་རྦད།
།ཏྲག་མ་རག་མ་གཞོབ་ཏུ་ཐོངས།
།ཞེས་བརྗོད་མཚེ་ཉུངས་མཚོན་ཆ་སྤྲོ།
།བགེགས་རྣམས་ལྕགས་རིའི་རྒྱབ་ཏུ་དེད་པར་བསམ།
།བདག་ཉིད་གཤེན་རབ་རྫོགས་པར་བསྐྱེད།
།མདུན་དུ་རིན་ཆེན་ས་གཞི་བཀྲ།
།རིན་ཆེན་ཁྲི་དང་པད་མ་དང་།
།སེང་གེ་ཉི་ཟླ་འཇའ་ཚོན་གདན།
།གཞལ་ཡས་འཇའ་ཚོན་གུར་ནང་དུ།
།རིགས་ལྔ་གཙོ་བཞི་སེམས་དཔའི་འཁོར།
།མཆོད་གནས་དུས་གསུམ་བདེར་གཤེགས་བཅུ།
།ཕྱོགས་བཅུའི་སངས་རྒྱས་ས་བཅུའི་གཡུང་དྲུང་སེམས།
།ཕྱོགས་བཅུའི་གཤེན་རབ་སྒོ་སྲུང་བཞི།
།ཕྱོགས་སྐྱོང་བཅུ་དང་སྒོ་བ་རྒྱལ་པོ་བཞི།
།འདུལ་བ་དྲུག་དང་སུམ་ཅུ་རྩ་གསུམ་རྣམས།
།བཀྲ་གསལ་ལྷང་ངེ་ལྷན་ནེར་བསམ།
།དེ་ནས་ཐུགས་རྗེའི་ལྕགས་ཀྱུས་སྤྱན་དྲངས་ཏེ།
།ཨཱོྃ་འོག་མིན་ལྷུན་གྲུབ་ཕོ་བྲང་ནས།
།སྐུ་གསུམ་ཡེ་ཤེས་ལྷུན་གྲུབ་[158]ཅིང་།
།ཐུགས་རྗེས་འགྲོ་བའི་དོན་མཛད་པ།
།རིགས་ལྔ་བདེ་བར་གཤེགས་པ་གཤེགས་སུ་གསོལ།
།དབྱིངས་ཀྱི་ཡུམ་དང་ཡེ་ཤེས་ལྷ།
།ཐབས་ཀྱི་མཆོག་དང་ཤེས་རབ་ཕུལ།
།སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས།
།འགྲོ་བ་སེམས་ཅན་དོན་མཛད་པ།
།གཙོ་བཞི་བདེར་གཤེགས་སྟོང་དང་བཅས།
།འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ།
།འདས་དང་ད་ལྟ་སླད་ནས་འབྱོན།
།བསྐལ་བཟང་སངས་རྒྱས་ཀུན་འདུས་སྤྲུལ།
།དུས་གསུམ་བདེར་གཤེགས་གཤེགས་སུ་གསོལ།
།ཕྱོགས་བཅུ་ནམ་མཁའ་ཁྱབ་ཚད་དང་།
།ཐུགས་རྗེས་འགྲོ་བའི་མུན་པ་སེལ་བ་ཡི།
།ཕྱོགས་བཅུའི་སངས་རྒྱས་གཤེགས་སུ་གསོལ།
།ལམ་ལྔ་བགྲོད་པ་མཐར་ཕྱིན་ཅིང་།
།ཕ་རོལ་ཕྱིན་བཅུས་འགྲོ་དོན་མཛད།
།ས་བཅུའི་གཡུང་དྲུང་སེམས་དཔའ་གཤེགས་སུ་གསོལ།
།ཐར་ལམ་འདྲེན་སྟོན་བླ་ན་མེད།
།མི་ཤེས་འགྲོ་བའི་མུན་སེལ་བའི།
།ཕྱོགས་བཅུའི་གཤེན་རབ་གཤེགས་སུ་གསོལ།
།སྒོ་སྲུང་བཞི་དང་ཕྱོགས་སྐྱོང་བཅུ།
།འདུལ་བ་དྲུག་[159]དང་སུམ་ཅུ་རྩ་གསུམ་སོགས།
།འཇིག་རྟེན་སྐྱོང་རྣམས་གཤེགས་སུ་གསོལ།
།ཨ་ཨཱོྃ་རཾ་ཛ་སྤུང་འདུ།
ཨ་ཨ་དྲུང་སྲུངས་ཛ་ཛ།
དེ་ནས་གུས་པས་[60]ཕྱག་འཚལ་ཏེ།
།མེ་ཏོག་འཐོར་ཞིང་ལྷ་ཕྱག་འཚལ།
ཨཱོྃ་བོན་ཉིད་ཡེ་ཤེས་ཆེན་པོའི་རང་བཞིན་ནི༑
༑སྣང་དང་མི་སྣང་མཚན་མ་ཀུན་ལས་འདས།
།སྐྱེ་འགག་སེམས་པའི་རང་བཞིན་ཉིད།
།རྣམ་དག་བོན་གྱི་སྐུ་ལ་ཕྱག་འཚལ་ལོ།
།འོག་མིན་གནས་ནས་ལྔ་བཅུའི་སྒྲིབ་པ་སྦྱང་།
།མཚན་དང་དཔེ་བྱད་འབར་ཞིང་ལོངས་སྤྱོད་རྫོགས།
།སྟོང་གསུམ་ནམ་མཁའི་ཁྱབ་ཚད་ཐུགས་རྗེ་ཅན།
།ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ།
།ཐུགས་རྗེ་ཐབས་ཀྱིས་འཁོར་བ་འདམ་ནས་འདྲེན།
།བྱེ་བ་ཕྲག་བརྒྱ་འགྲོ་དོན་ཅིར་ཡང་སྤྲུལ།
།འགྲོ་བ་འདྲེན་སྟོན་ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ།
།སྐུ་གསུམ་ཡེ་ཤེས་ལྔ་ཡི་ཐུགས་རྗེ་ཡིས།
།འགྲོ་བའི་དུག་ལྔ་མ་[160]ལུས་ཞི་མཛད་པ།
།ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་འབར།
།རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༑
༑དབྱིངས་དང་ཡེ་ཤེས་ཐབས་དང་ཤེས་རབ་ཕུལ།
།སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིས།
།འགྲོ་བ་མ་ལུས་ཐམས་ཅད་དོན་མཛད་པས།
།གཙོ་བཞི་བདེར་གཤེགས་སྟོང་ལ་ཕྱག་འཚལ་ལོ།
།ཕྱོགས་བཅུའི་དུས་གསུམ་མུ་མཐའ་མེད་པ་རུ།
།ཐར་པའི་ལམ་སྟོན་འགྲོ་བ་འདྲེན་མཛད་པ།
།འཁོར་བ་ཁྲི་མུན་སེལ་བའི་འོད་ཟེར་ཅན།
།ཕྱོགས་བཅུའི་དུས་གསུམ་བདེར་གཤེགས་རྣམས་ལ་ཕྱག་འཚལ་ལོ།
།ཕ་རོལ་ཕྱིན་བཅུའི་སྤྱོད་འདྲེན་བླ་ན་མེད།
།མི་ལྡོག་གཡུང་དྲུང་ས་ཐོབ་ཐུགས་རྗེ་ཆེར་ལྡན་པས།
།བདེར་གཤེགས་ཐུགས་སྲས་གཤེན་རབ་བླ་ན་མེད།
།ས་བཅུའི་གཡུང་དྲུང་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ།
།སྣོད་བཅུད་འཇིག་རྟེན་མཐའ་ཡས་ཀུན་གྱི་བདག
།གཤེན་རབ་བསྟན་པ་སྲུང་ཞིང་འཇིག་རྟེན་འདུལ་བའོ།
།སྟོན་པའི་བསྟན་པ་སྲུང་བ་དབང་དང་ལྡན།
།འདུལ་བ་[161]དྲུག་དང་སུམ་ཅུ་རྩ་གསུམ་ལ།
།གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ།
།དེ་ནས་མཆོད་པ་འབུལ་བ་ནི།
།ཨཱོྃ་བདེ་བར་གཤེགས་པ་ཐམས་ཅད་རྣམས།
།འགྲོ་བའི་དོན་ལ་བརྩེར་དགོངས་ནས།
།བདག་གི་མཆོད་ཡོན་བཞེས་ཕྱིར་དུ།
།གཞའ་ཚོན་བདེ་ལེགས་གདན་ལ་བཞུགས།
།པད་མ་ཉི་ཟླ་རིན་ཆེན་ཁྲི།
།སེང་གེ་གླང་ཆེན་རྟ་འབྲུག་ཁྱུང་།
།མཛེས་པའི་གདན་ལ་བཞུགས་སུ་གསོལ།
།ཕྱོགས་བཅུ་འཇིག་རྟེན་མཐའ་ཡས་ན།
།ནམ་མཁའ་མཉམ་པ་མཆོད་པའི་སྤྲིན།
།བསྐྱེད་ནི་འབྱུང་བ་ལྔ་ལ་བསྐྱེད།
།གྲུབ་ནི་ལོངས་སྤྱོད་མཆོད་པར་གྲུབ།
།བསགས་ནི་དད་ཅིང་མོས་པར་བསགས།
།དམིགས་མེད་ཐུགས་རྗེ་བྱིན་གྱིས་བརླབས།
།འབུལ་ནི་བདེར་གཤེགས་ལྷ་ལ་འབུལ།
།དོན་ནི་འགྲོ་བའི་དོན་ཕྱིར་བཞེངས།
།གཟུགས་སྒྲ་དྲི་རོ་རེག་བྱས་[61]བརྒྱན།
།དབང་པོ་སྤྱོད་ཡུལ་མཆོད་པའི་སྤྲིན།
[162]།མར་མེ་སྣང་གསལ་ཉི་ཟླའི་འོད།
།མཛེས་ནི་མི་རྟོག་རྒྱན་དང་ལྡན།
།བདུག་སྤོས་དྲི་ཞིམ་སྤྲིན་དཔུང་འཁྲིགས།
།དྲི་ཆབ་བསིལ་བྱེད་ཁྲུས་ཀྱི་ཆུ།
།ཞལ་ཟས་རོ་མཆོག་ལྷ་ཡི་ཟས།
།བླ་རེ་འཕན་གདུགས་རྒྱལ་མཚན་མཛེས།
།རོལ་མོ་རྔ་གཤང་སིལ་སྙན་དུང་།
།མངོན་སུམ་ཡིད་ཀྱིས་སྤྲུལ་ཅིང་བཤམས།
།བཀྲ་ཤིས་རྫས་བརྒྱད་རིན་ཆེན་སྣ་བརྒྱད་མཛེས།
།མཆོད་སྤྲིན་ནམ་མཁའ་མཉམ་པ་རྣམས།
།དུས་གསུམ་བདེར་གཤེགས་འཁོར་བཅས་ལ༑
༑འགྲོ་བའི་དོན་དུ་འབུལ་ལགས་ན།
།ཐུགས་རྗེས་བཞེས་ལ་འགྲོ་དོན་ལྷུན་གྲུབ་ཤོག
།དེ་ནས་བཤགས་པ་བྱ་བ་ནི།
།ཨཱོྃ་དུས་གསུམ་བདེར་གཤེགས་བླ་མེད་དགོངས་སུ་གསོལ།
།བདག་ནི་མི་མཁས་གཏི་མུག་མུན་བློ་ཡིས།
།ལུས་ཀྱི་སྒོ་ནས་སྡིག་སྤྱོད་སོལ་དྲིས་ལྟ་བུ་ཡི།
།མི་ཚངས་སྤྱོད་དང་རྐུ་ཕྲོག་བསད་བཅད་སོགས།
།མི་དགེ་སྡིག་པར་གྱུར་པ་ཅི་བགྱིས་པ།
།མི་འཆབ་[163]གནོང་ཞིང་འགྱོད་པས་རབ་ཏུ་བཤགས།
།བདེར་གཤེགས་ཐུགས་རྗེས་རབ་ཏུ་བྱང་བར་མཛོད།
།བདག་ནི་མི་མཁས་འདོད་ཆགས་དབང་གྱུར་ཏེ།
།ངག་གིས་སྡིག་བྱས་དུག་ཚེར་ལྟ་བུ་ཡི།
།རྫུན་དང་དབྱེན་ཕྲ་ངག་འཁྱལ་ཚིག་རྩུབ་སོགས།
།མི་དགེ་སྡིག་པར་གྱུར་བ་ཅི་མཆིས་པ།
།མི་འཆབ་གནོང་ཞིང་འགྱོད་པས་རབ་ཏུ་བཤགས།
།བདེར་གཤེགས་ཐུགས་རྗེས་རབ་ཏུ་བྱང་བར་མཛོད།
།བདག་ནི་མི་མཁས་ཞེ་སྡང་དབང་གྱུར་པས།
།ཡིད་ཀྱིས་སྡིག་བྱས་མུན་ནག་གླིང་ལྟ་བུའི།
།བརྣབ་སེམས་གནོད་སེམས་ལོག་པར་ལྟ་ལ་སོགས།
།མི་དགེ་སྡིག་པར་གྱུར་པ་ཅི་མཆིས་པ།
།མི་འཆབ་གནོང་བའི་འགྱོད་པས་རབ་ཏུ་བཤགས།
།བདེར་གཤེགས་ཐུགས་རྗེས་རབ་ཏུ་བྱང་བར་མཛོད།
།ཕྱི་དྲང་སྲོང་འདུལ་ཁྲིམས་ཉམས་དང་འཆལ་བ་དང་།
།བར་གཡུང་དྲུང་སེམས་[164]ཀྱི་བསླབ་པ་ཉམས་པར་གྱུར་པ་དང་།
།ནང་ཨ་དཀར་སྔགས་ཀྱི་དམ་ཚིག་ཆག་ཉམས་དང་།
།དོན་རྫོགས་ཆེན་ལྟ་སྤྱོད་དང་འཆོར་པ་དང་།
།ཐེག་དགུ་བོན་སྒོ་ལོག་པར་སྤྱོད་གྱུར་པ།
།ལམ་ཕ་རོལ་ཕྱིན་བཅུར་མི་མཐུན་སྤྱོད་པ་དང་།
།ཉོན་མོངས་སྒྲིབ་པ་མུན་ནག་གླིང་ལྟ་བུ།
།ལས་ཀྱི་སྒྲིབ་པ་ལྕགས་ལ་བཙའ་ཞེན་འདྲ།
།ཤེས་བྱའི་སྒྲིབ་པ་རྣམ་རྟོག་ལ་བོ་ཆེ།
།སྒོ་གསུམ་ཉམས་པར་གྱུར་པའི་སྡིག་དང་སྒྲིབ།
།མ་རིག་འཁྲུལ་པའི་ལས་སྤྱོད་ཅི་བགྱིས་པ།
།མཆོད་འོས་བླ་མེད་བདེར་གཤེགས་སྤྱན་སྔ་རུ༑
༑མི་འཆབ་གནོང་པའི་འགྱོད་པས་སོ་སོར་བཤགས།
།སླད་ཆད་མི་བགྱིད་སྡོམ་པས་བཟུང་པར་བགྱིད།
།ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་སྡིག་སྒྲིབ་མལ་མལ་སྭཱཧཱ།
ཞེས་བརྗོད་སྡིག་པ་[62]ཐམས་ཅད་བཤགས།
།དེ་ནས་ཀུན་འདུས་བདེར་གཤེགས་བསྟོད་པ་འབུལ་བ་ནི།
།བོན་སྐུ་ཁྱབ་གདལ་དམིགས་[165]མེད་རྒྱ་མ་ཆད།
།རྟོགས་པ་ཆེན་པོ་ལྷུན་གྲུབ་འདུས་མ་བྱས།
།སྐུ་གསུམ་འབྱུང་གནས་བ་ག་ཡུམ་གྱི་ཀློང་།
།སྐྱེ་མེད་བོན་གྱི་སྐུ་ལ་ཕྱག་འཚལ་བསྟོད།
།བོན་སྐུ་ཐུགས་རྗེའི་ངང་ལ་འགྲོ་དོན་དུ།
།གང་ལ་གང་འདུལ་གཟུགས་སྐུ་རྣམ་པ་གཉིས།
།ལོངས་སྤྱོད་རྫོགས་སྐུས་ས་བཅུའི་སྒྲིབ་པ་སྦྱོང་།
།ཅིར་ཡང་སྤྲུལ་སྐུས་རིགས་དྲུག་གནས་ནས་འདྲེན།
།བདེར་བར་གཤེགས་པའི་སྐུ་ལ་ཕྱག་འཚལ་བསྟོད།
།བོན་ཉིད་ཡེ་ཤེས་དབྱིངས་ཀྱི་རང་བཞིན་ལ།
།ཀུན་སྣང་ཁྱབ་པའི་འཁོར་ལོ་རིགས་ཀྱི་གཙོ།
།སྐུ་མདོག་དཀར་འབར་མཚན་དང་དཔེ་བྱད་ལྡན།
།འཁོར་ལོ་ཞགས་པས་ན་རག་འདམ་ནས་འདྲེན།
།བོན་སྐུ་ཀུན་སྣང་ཁྱབ་པ་ལ་ཕྱག་འཚལ་བསྟོད།
།མེ་ལོང་ཡེ་ཤེས་གཡུང་དྲུང་རིགས་ཀྱི་གཙོ།
།སྐུ་མདོག་དཀར་གསལ་གཡུང་དྲུང་ལུ་གུ་རྒྱུད།
།མཚན་དང་དཔེ་བྱད་ལོངས་[166]སྤྱོད་རྫོགས།
།གསལ་བ་རང་བྱུང་སྐུ་ལ་ཕྱག་འཚལ་བསྟོད།
།མཉམ་ཉིད་ཡེ་ཤེས་རིན་ཆེན་རིགས་ཀྱི་གཙོ།
།སྐུ་མདོག་སྔོ་གསལ་རིན་ཆེན་ཞགས་པ་འཛིན།
།མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས།
།དགེ་ལྷ་གར་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད།
།སོ་སོར་ཀུན་རྟོག་པད་མ་རིགས་ཀྱི་གཙོ།
།སྐུ་མདོག་དམར་གསལ་པད་མ་ཐུགས་རྗེ་ཞགས།
།མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས།
།བྱེ་བྲག་དངོས་མེད་སྐུ་ལ་ཕྱག་འཚལ་བསྟོད།
།བྱ་གྲུབ་ཡེ་ཤེས་ཡོན་ཏན་རིགས་ཀྱི་གཙོ།
།སྐུ་མདོག་ལྗང་འབར་རྒྱ་གྲམ་ཞགས་པ་འཛིན།
།མཚན་དང་དཔེ་བྱད་ཀུན་བརྗིད་ལོངས་སྤྱོད་རྫོགས།
།དགའ་བ་དོན་གྲུབ་སྐུ་ལ་ཕྱག་འཚལ་བསྟོད།
།རིགས་ལྔ་བདེར་གཤེགས་ཀུན་འདུས་གཙོ།
།འཁོར་ནི་རིགས་ཀྱི་སེམས་དཔའ་བཅས།
།ཐུགས་རྗེ་ལོངས་སྤྱོད་རྫོགས་པར་བཞུགས།
།རིགས་ལྔ་བདེར་གཤེགས་འདུས་ལ་ཕྱག་འཚལ་བསྟོད།
།ཨཱོྃ་སྟོང་གསུམ་འཇིག་རྟེན་མཐའ་ཡས་ན།
།ནམ་མཁའ་[167]ཇི་བཞིན་ཐུགས་རྗེས་ཁྱབ།
།སྟོན་པའི་འོད་ཟེར་ཡིག་འབྲུ་གསལ།
།མདངས་ལྡན་པད་མ་སེར་པོ་ལ།
།ཡིག་འབྲུ་ཨཱོྃ་གྱི་རང་བཞིན་ལ།
།དབྱིངས་ཀྱི་ཀློང་ནས་བསྐྱེད་པ་ཡི།
།ཡུམ་ཆེན་ས་ཏྲིག་ཨེར་སངས་ནི།
།སྐུ་མདོག་མི་འགྱུར་གསེར་གྱི་སྙིང་པོ་འདྲ།
།གསེར་ལ་གསེར་གྱི་འོད་འབར་རྒྱན་གྱིས་སྤྲས།
།འཇའ་ཚོན་སྤེལ་ལེགས་ཇི་བཞིན་དུ།
།རྒྱན་དང་ཆ་ལུགས་གཞལ་ཡས་མཛེས།
།ཕྱག་མཚན་གཡས་ན་དཔའ་བོ་འབྲུ་ལྔ་བསྣམས།
།ཡེ་ཤེས་ལྔ་བ་ཡི་ཐུགས་རྗེ་ཤར་བའི་བརྡ།
།ཕྱག་གཡོན་སྣང་གསལ་གསེར་གྱི་མེ་ལོང་བསྣམས།
།འཁོར་འདས་[63]བོན་རྣམས་སལེ་གསལ་བའི་རྟགས།
།དབུ་རྒྱན་རྣ་རྒྱན་མགུལ་ཆུ་སེ་མོ་དོ།
།ཕྱག་གདུབ་ཞབས་གདུབ་རིན་ཆེན་ཆུན་པོས་སྤྲས།
།སྐུ་ལ་མཚན་དང་དཔེ་བྱད་རབ་ཏུ་རྫོགས།
།སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི།
།ལྷ་མོ་ཉིས་བརྒྱ་ལྔ་བཅུའི་འཁོར་གྱིས་བསྐོར།
[168]།དབྱིངས་ཡུམ་ཆེན་མོ་ས་ཏྲིག་ཨེར་ཏི་སངས།
།དབྱིངས་ཀྱི་ལྷ་མོ་འཁོར་བཅས་ཕྱག་འཚལ་བསྟོད།
།ཨཱོྃ་སྟོང་གསུམ་འཇིག་རྟེན་མཐའ་ཡས་ནས།
།ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ།
།སྟོན་པའི་འོད་ཟེར་ཡིག་འབྲུར་གསལ།
།མདངས་ལྡན་པད་མ་དཀར་པོ་ལ།
།ཡིག་འབྲུ་ཨ་ཡི་རང་བཞིན་ལས།
།ཡེ་ཤེས་ལྷ་ལས་བསྐྱེད་པ་ཡི།
།ལྷ་ཆེན་གཤེན་ལྷ་འོད་དཀར་ནི།
།སྐུ་མདོག་མི་འགྱུར་ཤེལ་གྱི་སྙིང་པོ་འདྲེན།
།ཤེལ་ལ་ཤེལ་གྱི་འོད་འབར་རྒྱན་གྱིས་སྤྲས།
།འཇའ་ཚོན་སྤེལ་ལེགས་ཇི་བཞིན་དུ།
།རྒྱན་དང་ཆ་ལུགས་གཞལ་ཡས་མཛེས།
།ཕྱག་མཚན་གཡས་ན་ཐུགས་རྗེའི་ལྕགས་ཀྱུ་བསྣམས།
།འཁོར་བ་འདམ་ནས་འདྲེན་པའི་བརྡ།
།ཕྱག་མཚན་གཡོན་ན་རིན་ཆེན་རྒྱལ་མཚན་འཛིན།
།ཐུགས་རྗེ་བཀའ་རྟགས་ནུབ་པ་མེད་པའི་བོན།
།དབུ་རྒྱན་རྣ་རྒྱན་མགུལ་ཆུ་སེ་མོ་དོ།
།ཕྱག་གདུབ་ཞབས་[169]གདུབ་རིན་ཆེན་ཆུན་པོས་སྤྲས།
།སྐུ་ལ་མཚན་དང་དཔེ་བྱད་རབ་ཏུ་རྫོགས།
།ཞི་བའི་རྒྱན་གྱིས་རབ་ཏུ་བརྒྱན།
།ལྷ་ཆེན་གཤེན་ལྷ་འོད་དཀར་གྱི།
།སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༑
༑ལྷ་ཆེན་ཉིས་བརྒྱ་ལྔ་བཅུ་འཁོར་བཅས་ལ།
།གུས་པས་ཕྱག་འཚལ་མཚན་བསྟོད་དོ།
།ཡེ་ཤེས་ལྷ་ལ་ཕྱག་འཚལ་བསྟོད།
།ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།
།ཨཱོྃ་སྟོང་གསུམ་འཇིག་རྟེན་མཐའ་ཡས་ན།
།ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ།
།སྟོན་པའི་འོད་ཟེར་ཡིག་འབྲུ་གསལ།
།མདངས་ལྡན་པད་མ་དམར་པོ་ལ།
།ཡིག་འབྲུ་ཧའི་རང་བཞིན་ལ།
།ཐབས་ཀྱི་མཆོག་ལས་བྱུང་བ་ཡི།
།སྲིད་པ་སངས་པོ་འབུམ་ཁྲི་ལ།
།སྐུ་མདོག་མི་འགྱུར་དངུལ་གྱི་སྙིང་པོ་འདྲ།
།དངུལ་ལ་རྔུལ་གྱི་འོད་འབར་རྒྱན་གྱིས་སྤྲས།
།འཇའ་ཚོན་སྤེལ་ལེགས་ཇི་བཞིན་དུ།
།རྒྱན་དང་ཆ་ལུགས་གཞལ་ཡས་མཛེས།
[170]།ཕྱག་མཚན་གཡས་ན་རིན་ཆེན་རྒྱལ་མཚན་འཛིན།
།ཐུགས་རྗེ་ནུབ་པ་མེད་པའི་རྟགས།
།ཕྱག་གཡོན་གཡུང་དྲུང་འཁོར་ལོ་བསྣམས།
།འགྱུར་མེད་འཁོར་ལོ་བསྐོར་བའི་རྟགས།
།དབུ་རྒྱན་རྣ་རྒྱན་མགུལ་ཆུ་སེ་མོ་དོ།
།ཕྱག་གདུབ་ཞབས་གདུབ་རིན་ཆེན་ཆུན་པོས་སྤྲས།
།སྐུ་ལ་མཚན་དང་དཔེ་བྱད་རབ་ཏུ་རྫོགས།
།སྲིད་པ་སངས་པོ་འབུམ་ཁྲི་དང་།
།སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི།
།སྲིད་པ་ཉིས་བརྒྱ་ལྔ་བཅུ་འཁོར་བཅས་ལ།
།གུས་པས་ཕྱག་[64]འཚལ་མཚན་བསྟོད་དོ།
།ཐབས་ཀྱི་མཆོག་ལ་ཕྱག་འཚལ་ལོ།
།ཨཱོྃ་སྟོང་གསུམ་འཇིག་རྟེན་མཐའ་ཡས་ན།
།ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ།
།སྟོང་བའི་འོད་ཟེར་ཡིག་འབྲུ་གསལ།
།མདངས་ལྡན་པད་མ་སྔོན་པོ་ལ།
།ཡིག་འབྲུ་འ་ཡི་རང་བཞིན་ལ།
།ཤེས་རབ་མཆོག་ལས་བསྐྱེད་པ་ཡི།
།སྟོན་པ་གཤེན་རབ་མི་[171]བོ་ནི།
།སྐུ་མདོག་རིན་ཆེན་སྙིང་པོ་འདྲ།
།རིན་ཆེན་བཻ་ཌཱུརྻ་འོད་འབར་རྒྱན་གྱིས་སྤྲས།
།འཇའ་ཚོན་སྤེལ་ལེགས་ཇི་བཞིན་དུ།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།ཕྱག་མཚན་གཡས་ན་རིན་ཆེན་ཆག་ཤིང་བསྣམས།
།རང་བཞིན་བོན་རྣམས་ནུབ་པ་མེད་པའི་རྟགས།
།གཡོན་པ་རིན་ཆེན་ཧོས་རུ་འཛིན།
།འགྲོ་བའི་ནད་གསོ་ཅི་སྦྱིན་མཛད།
།དབུ་རྒྱན་རྣ་རྒྱན་མགུལ་ཆུ་སེ་མོ་དོ།
།ཕྱག་གདུབ་ཞབས་གདུབ་རིན་ཆེན་ཆུན་པོས་སྤྲས།
།སྐུ་མདོག་མཚན་དང་དཔེ་བྱད་རབ་ཏུ་རྫོགས།
།སྟོན་པ་གཤེན་རབ་མི་བོ་དང་།
།སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི།
།གཤེན་རབ་ཉིས་བརྒྱ་ལྔ་བཅུ་འཁོར་བཅས་ལ།
།གུས་པས་ཕྱག་འཚལ་མཚན་བསྟོད་དོ།
།ཤེས་རབ་ཕུལ་ལ་ཕྱག་འཚལ་ལོ།
།དེ་ནས་ཕྱོགས་བཅུའི་བདེར་གཤེགས་ལ་རྣམས་ལ་བསྟོད་པ་ནི།
[172]ཨཱོྃ་ཤར་གྱི་ཐར་ལམ་བདེ་འབྱེད་ནི།
།དཀར་གསལ་འཁོར་ལོ་དཔལ་བེའུ་བསྣམས།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཐུགས་རྗེ་བྱམས་ཀློང་ལ་སོགས་པའི།
།གཡུང་དྲུང་རིགས་ཀྱི་སེམས་དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།ལྷོ་ཕྱོགས་ལེགས་པ་ཀུན་འབྱུང་ནི།
།སྔོན་གསལ་པད་མ་རྒྱལ་མཚན་བསྣམས།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཤེས་རབ་གསལ་སྒྲོན་ལ་སོགས་པའི།
།རིན་ཆེན་རིགས་ཀྱི་སེམས་དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།ནུབ་ཕྱོགས་སྙོམས་པ་ལྷུན་གྲུབ་ནི།
།དམར་གསལ་གདུགས་དང་བུམ་པ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
[173]།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།མཐུ་དབང་སྟོབས་ཆེན་ལ་སོགས་པའི།
།པད་མ་རིགས་ཀྱི་སེམས་དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།བྱང་ཕྱོགས་སྲིད་པ་བསྐོས་འདེབས་ནི།
།ལྗང་འབར་དུང་དང་གསེར་ཉ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།གསེར་འོད་འབར་བ་ལ་སོགས་སྟེ།
།འཁོར་ལོ་རིགས་ཀྱི་སེམས་[65]དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།ཤར་ལྷོ་ས་མཁན་ལམ་མཆོག་ནི།
།སྐུ་མདོག་དཀར་སྔོན་སྒྲོན་མེ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ནམ་མཁའ་སྣང་བྱེད་ལ་སོགས་ཏེ།
།སྣ་ཚོགས་རིགས་ཀྱི་སེམས་[174]དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།ལྷོ་ནུབ་མ་རིག་མུན་སེལ་ནི།
།དམར་སྔོན་ཉི་མ་ཟླ་བ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།མི་ཤེས་མུན་སེལ་ལ་སོགས་པའི།
།དོན་དམ་རིགས་ཀྱི་སེམས་དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།ནུབ་བྱང་ཐམས་ཅད་མཁྱེན་གཟིགས་ནི།
།སྐུ་མདོག་དམར་ལྗང་གླེགས་བམ་བསྣམས།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།སྒྲིབ་པ་ཀུན་སེལ་ལ་སོགས་པའི།
།དྲི་མེད་རིགས་ཀྱི་སེམས་དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།བྱང་ཤར་ཡེ་ཤེས་འབྱུང་གནས་ནི།
།དམར་ལྗང་ཐུགས་རྗེ་ཞགས་པ་བསྣམས།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།སྨོན་ལམ་མཐའ་ཡས་ལ་སོགས་ཏེ།
།སྣ་ཚོགས་ཀུན་འབྱུང་སེམས་[175]དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།སྟེང་ཕྱོགས་སྡུག་བསྔལ་ནད་སེལ་ནི།
།སྐུ་མདོག་མཁའ་འདྲ་བ་དན་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཡེ་ཤེས་དབང་ཐོབ་ལ་སོགས་པའི།
།ཀུན་ཁྱབ་གཡུང་དྲུང་སེམས་དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།འོག་ཕྱོགས་ཆུ་བོ་བཞི་སྒྲོལ་ནི།
།སྐུ་མདོག་མཐིང་ནག་བུམ་པ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།གཡུང་དྲུང་བརྟན་བྱེད་ལ་སོགས་པའི།
།འགྱུར་མེད་གཡུང་དྲུང་སེམས་དཔས་བསྐོར།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།དེ་ནས་ལྷ་གཤེན་རྣམས་ལ་བསྟོད་པ་ནི།
།དབུས་ཕྱོགས་མ་པང་དབྱིངས་ཆེན་ནི།
།མཐིང་སྔོན་རྒྱ་མཚོ་[176]འཆིང་རྣམས་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཡེ་ཤེས་དྲི་མེད་སྙིང་པོ་ལ་སོགས་པའི།
།འཁོར་བ་སྤངས་བའི་གཤེན་རབ་བཅས།
།དེ་ལ་ཕྱག་འཚལ་མཚན་བསྟོད་དོ།
།ཤར་ཕྱོགས་འོད་དཀར་[66]གནས་འཛིན་ནི།
།དཀར་གསལ་འོད་ཀྱི་འཁོར་ལོ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ལྷ་གཤེན་ཡེ་ཤེས་མེ་ཏོག་སྙིང་པོ་ལ་སོགས་པའི།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་མཚན་བསྟོད་དོ།
།བྱང་ཕྱོགས་ཡེ་དབང་རྒྱལ་པོ་ནི།
།ལྗང་འབར་དབང་གི་གབ་རྩེ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ལྷ་གཤེན་བདུད་རྩི་གྲུབ་པ་ལ་སོགས་ཏེ།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་མཚན་བསྟོད་དོ།
།ནུབ་ཕྱོགས་ཡེ་སྲིད་ལྷ་ཆེན་ནི།
།དམར་[177]འབར་པད་མ་སྡོང་པོ་བསྣམས།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་འབར།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ལྷ་གཤེན་ཐུགས་རྗེ་འགྱུར་མེད་སོགས།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་བསྟོད།
།ལྷོ་ཕྱོགས་ཁྲི་རྒྱལ་ཁུག་པ་ནི།
།གསེར་འོད་སྐོས་འདེབས་ཆགས་ཤིང་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཡེ་ཤེས་ཐུགས་རྗེ་ཀུན་སྒྲོལ་སོགས།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་བསྟོད།
།ཤར་ལྷོ་གར་གསས་བཙན་པོ་ནི།
།དཀར་འབར་སྟོང་རི་ཆེམ་པ་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཡེ་ཤེས་ཚངས་པ་གསལ་ལྡན་སོགས།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་བསྟོད།
[178]།ལྷོ་ནུབ་གསས་རྗེ་རྨང་པོ་ནི།
།དམར་འབར་ཁྲི་ལོ་གནམ་གྲགས་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཡེ་གཤེན་ལྕེ་རྒྱལ་པར་ཏི་སོགས།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་བསྟོད།
།ནུབ་བྱང་གནམ་གསས་ཁྱུང་རུམ་ནི།
།ལྗང་འབར་འཕར་པོ་འཕར་གྲགས་འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཏི་སངས་རང་ཞི་ལ་སོགས་པ།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་བསྟོད།
།བྱང་ཤར་རྒོད་གསས་མཁའ་འགྱིང་ཁ།
།དཀར་སེར་ཉི་ཞལ་ཟླ་ཞལ་བསྣམས།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྫོགས་པར་བཞུགས།
།ཡེ་གཤེན་སྣང་བ་མདོག་ཅན་ལ་[179]སོགས་པ།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་བསྟོད།
།སྟེང་ཕྱོགས་མཁའ་འགྱིང་དཀར་པོ་ནི།
།དཀར་འབར་རིན་ཆེན་ཁྲི་གདུགས་[67]འཛིན།
།རྒྱན་དང་ཆ་ལུགས་གཞལ་ཡས་ཁང་།
།མཚན་དང་དཔེ་བྱད་རབ་ཏུ་རྒྱས།
།སྐུ་ནི་ལོངས་སྤྱོད་རྗོགས་པར་བཞུགས།
།ཚངས་པ་གསལ་སྒྲོན་ལ་སོགས་པ།
།ལྷ་གཤེན་རྣམས་ལ་ཕྱག་འཚལ་ལོ།
།དེ་ནས་གཤེན་རབ་བཀའ་འཁོར་བསྟོད་པ་ནི།
།འོལ་མོ་གླིང་ཆེན་ཡེ་ནས་གྲུབ་པའི་གནས།
།ལྷ་བོན་རྒྱལ་པོན་ཡེ་ནས་གྲུབ་པའི་གཤེན།
།ཡོ་ཕྱི་རྒྱལ་བཞད་ཐུགས་རྗེ་འབྱུང་བའི་གནས།
།སྟོན་པ་གཤེན་རབ་འཁོར་བ་གནས་འདྲེན་གཤེན།
།སྟོན་པ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད།
།ལྷ་ཟ་བཟང་དྲུག་གསས་ཟ་ངང་དྲུག་དང་།
།དཔོ་ཟ་ཐང་མོ་ཧོས་ཟ་རྒྱལ་མེད་མ༑
༑ཀོང་ཟ་[180]འཕྲུལ་བསྒྱུར་ཀོང་ཟ་ཁྲི་ལྕམ་དང་།
།བདེར་གཤེགས་འབྱུང་བའི་ཡུམ་ལ་ཕྱག་འཚལ་བསྟོད།
།རྨ་ལོ་གཡུ་ལོ་ཐུགས་རྗེའི་སྲས།
།གཏོ་བུ་དཔྱད་བུ་སྐུ་ཡི་སྲས།
།ལྷ་བུ་སྲས་བུ་ཕྱྭ་ཡི་སྲས།
།ལུང་འདྲེན་རྒྱུད་འདྲེན་ཧོས་རྒྱུད་སྲས།
།འཕྲུལ་བུ་ཀོང་བུ་ཀླུ་ཡི་སྲས།
།སྟོན་པའི་རྒྱལ་ཚབ་རྣམས་ལ་ཕྱག་འཚལ་ལོ།
།ཧོས་སྒོ་འབྱེད་ཅིང་གྱེར་སྒོ་འཛིན།
།གཤེན་རབ་རྒྱུད་འཛིན་བསྟན་པ་འཛིན།
།ལོ་ཙཱ་དྲུག་དང་མཁས་པ་བཞི།
།རྒྱལ་ཐེབས་བླ་མ་རྣམས་ལ་ཕྱག་འཚལ་བསྟོད།
།ནམ་མཁའི་བ་དན་ཅན་ལ་སོགས།
།ཡེ་གཤེན་བཅུ་གསུམ་ཚོགས་ལ་ཕྱག་འཚལ་བསྟོད།
།དབལ་བོན་རོམ་པོ་ལ་སོགས་ཏེ།
།ཡར་གཡེན་ཁམས་རྣམས་འདུལ་མཛད་པའི།
།འདུལ་བ་བཅུ་གསུམ་ཚོགས་ལ་ཕྱག་འཚལ་བསྟོད།
།ཉི་བོན་དྲང་མ་འོད་དྲོ་ལ་སོགས་ཏེ།
།བར་གཡེན་ཁམས་རྣམས་[181]འདུལ་མཛད་པ།
།འདུལ་བ་དགུ་ལ་ཕྱག་འཚལ་ལོ།
།ཀླུ་བོན་དབྱར་སྙན་གྱིམ་བུ་ལ་སོགས་ཏེ།
།ས་གཡེན་ཁམས་རྣམས་འདུལ་མཛད་པའི།
།འདུལ་བ་བཅུ་གཅིག་ལ་ཕྱག་འཚལ་བསྟོད།
།རིགས་དྲུག་ཁམས་རྣམས་འདུལ་མཛད་པའི།
།གསལ་འབར་ཀུན་ཤེས་ལ་སོགས་ཏེ།
།འདུལ་བའི་གཤེན་པོ་དྲུག་ལ་ཕྱག་འཚལ་ལོ།
།དེ་ནས་འཛབ་བསྟོད་པ་ནི།
ཨ་ཨཱོྃ་ཧཱུྃ་རཾ་ཛ་སལེ་ལྷན་ནེ་འདུ།
ཨ་ཨཱོྃ་ཧཱུྃ་རཾ་ཛ་ཉི་རི་འབར་ར་དྲང་།
ཨ་ཨཱོྃ་ཧཱུྃ་རཾ་ཛ་ཨག་ཤོ་མུ་ཡེ་ཁང་།
ཨ་ཨཱོྃ་ཧཱུྃ་རཾ་ཛ་ཤེ་ཐུན་ཏྲང་མ་སྤུངས།
ཨ་ཨཱོྃ་ཧཱུྃ་རཾ་ཛ་ཉི་རི་འབར་ར་ཧ་ར་ཁི་ཁར་སྤུངས།
།ཨ་ཨཱོྃ་ཧཱུྃ་རཾ་ཛ་སྐྱེ་མི་དྲུང་མུ་སྤུངས།
ཨ་ཨཱོྃ་ཧཱུྃ་རཾ་ཛ་སད་གྱེར་ཝེར་རོ་འདུ།
ཨ་ཨཱོྃ་ཧཱུྃ་རཾ་ཛ་བིང་ང་སད་བྲུཾ་སྤུངས།
ཨ་ཨཱོྃ་ཧཱུྃ་རཾ་ཛ་ཡང་རཾ་ཁཾ་སྲུཾ་འདུ།
[182]སྐུ་གསུང་སྙིང་པོ་དགུ་འཛབ་རྒྱུད།
།སྐུ་ནི་པྲ་ཕུད་ལྷ་ཡི་སྐུ།
།གསུང་ནི་བིང་ང་ཚངས་པའི་གསུང་།
།ཐུགས་ནི་མུ་ཡེ་ཡེ་ཤེས་ཐུགས།
།ཡོན་ཏན་ཉི་མ་ཀུན་འབྱུང་ཞིང་།
།འཕྲིན་ལས་གར་མ་མཐོང་ཁྱབ་ཉིད།
།དེ་བཞིན་སྐུ་གསུང་རྒྱུན་འཛབ་འདི།
།འབུལ་ནི་རིགས་ལྔའི་ལྷ་ལ་[68]འབུལ།
།བཞེས་ནི་གཉིས་མེད་ཐུགས་རྗེས་བཞེས།
།དགོངས་ནི་འགྲོ་བའི་དོན་ལ་དགོངས།
།སྐུ་ནི་མཚན་དང་དཔེ་བྱད་འབར།
།གསུང་ནི་ཚངས་པའི་དབྱངས་ཀྱི་གསུང་།
།ཐུགས་ནི་ཡེ་ཤེས་འོད་དུ་གསལ།
།ཡོན་ཏན་ནོར་བུ་རིན་ཆེན་ཚུལ།
།འཕྲིན་ལས་ཐོགས་མེད་ལྷུན་གྱིས་གྲུབ།
།སྐུ་གསུང་ཡོན་ཏན་འཕྲིན་ལས་ལྔ།
།མ་བརྩལ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།
།དེ་ནས་ཨ་དཀར་དགུ་འཛབ་བརྗོད།
།ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ།
ཨཱོྃ་དབྱིངས་དང་ཡེ་ཤེས་མཁའ་ལ་མཉམ།
[183]།ཐབས་དང་ཤེས་རབ་ཟུང་དུ་འབྲེལ།
།སྐུ་ནི་མཚན་དང་དཔེ་བྱད་སྐུ།
།གསུང་ནི་ཚངས་པའི་དབྱངས་ཀྱི་གསུང་།
།ཐུགས་ནི་ཡེ་ཤེས་འོད་གསལ་ཐུགས།
།ཡོན་ཏན་བདེ་ལེགས་ཀུན་འབྱུང་བ།
།འཕྲིན་ལས་ཐོགས་མེད་ལྷུན་གྱིས་གྲུབ།
།ལྷུན་གྲུབ་རང་བྱུང་བདེར་གཤེགས་སྟོང་།
།དབྱིངས་སུ་གྲུབ་ཅིང་བདེར་གཤེགས་ཡེ་ཤེས་གསལ།
།ཐབས་ལས་བྱུང་ཞིང་ཤེས་རབ་ཤར།
།བདེར་གཤེགས་གཙོ་བོ་བཞི་རྣམས་ལ།
།ཨ་དཀར་གསལ་བའི་དགུ་འཛབ་འབུལ།
།ཕར་འཕྲོས་ཐུགས་རྗེས་འགྲོ་དོན་གྲུབ།
།ཚུར་འདུས་རང་དོན་ལྷུན་གྱིས་གྲུབ།
།གཉིས་མེད་རིག་པ་བྱང་ཆུབ་སེམས།
།གཉིས་སུ་མེད་པ་གྲུབ་གྱུར་ཅིག
།མཚན་མ་མེད་པ་གསལ་གྱུར་ཅིག
ཨཱོྃ་ཨེ་ཀློང་ཁྱབ་བདལ་གསལ་བ་འོད་དུ་འདུས།
།ཡུམ་གྱི་ཀློང་གི་དབྱིངས་སུ་འབུལ།
།ཨཱ་ཨ་དཀར་སལེ་འོད་ཨ་ཡཾ་ཨཱོྃ་འདུ།
།ཡེ་ཤེས་ལྷ་ཡི་ཐུགས་རྗེ་འབུལ།
[184]།ཧ་མུ་ཡེ་ཨ་ཨ་ཨད་ཨད་ཡཾ་སྤུངས་འདུ།
།ཐབས་ཀྱི་མཆོག་གི་རོལ་པར་འབུལ།
།ཧོ་ལཾ་ལཾ་སྲུཾ་སྲུཾ་སལེ་ལྷན་ནེ་འདུ།
།ཤེས་རབ་ཕུལ་གྱི་ངང་དུ་འབུལ།
།ཨཱོྃ་ཡཾ་རཾ་ཁཾ་སྲུཾ།
གཙོ་བོ་བཞི་དང་བདེར་གཤེགས་སྟོང་།
།སྙིང་པོ་འཛབ་དགོངས་གསལ་གྱུར་ཤོག
།དེ་ནས་ཨ་དཀར་དགུ་འཛབ་འབུལ།
།ཨཱ་ཨ་དཀར་སལེ་འོད་ཨ་ཡཾ་ཨཱོྃ་འདུ།
ཨཱ་ཨ་དཀར་སལེ་འོད་ཧ་ར་ཁི་ཁར་འདུ།
ཨཱ་ཨ་དཀར་སལེ་འོད་ཐུགས་རྗེ་འོད་འདུ།
ཨཱ་ཨ་དཀར་ཟེར་འཕྲོ་འདུ།
ཨཱ་ཨ་དཀར་མུ་སྤུངས་འདུ།
ཨཱ་ཨ་དཀར་གསལ་འོད་འདུ།
ཨཱ་ཨ་དཀར་ཐིག་ལེ་འདུ།
ཨཱ་ཨ་དཀར་སྤུངས་སོ་འདུ།
ཨཱ་ཨ་དཀར་དྲི་མེད་འདུ།
ཨ་དཀར་གསལ་བ་དགུ་འཛབ་འདི།
།ཀུན་བཟང་བདེར་གཤེགས་ལྷ་ལ་འབུལ།
།ཐུགས་རྗེས་འགྲོ་བའི་སྡུག་བསྔལ་སེལ།
།བདག་དང་འགྲོ་དྲུག་སེམས་ཅན་རྣམས།
།ཨཱ་དཀར་གསལ་བའི་ལམ་བགྲོད་ནས།
།སྐྱེ་མེད་དཀར[ཀ][185]དག་གནས་མཆོག་ཏུ།
།རང་བྱུང་སངས་རྒྱས་ཀུན་ཏུ་བཟང་།
།འགག་མེད་ས་ལ་མངོན་རྫོགས་ཤོག
།དེ་ནས་སྙིང་པོ་འཛབ་བསྟོད་དེ།
།དེ་ནས་སྨོན་ལམ་གདབ་པ་ནི།
ཨཱོྃ་ཞི་བར་[69]གྱུར་ཅིག་ཁྱབ་པ་བདུད་ཀྱི་སྡེ།
།སྟོང་བར་གྱུར་ཅིག་འཁོར་བ་ངན་སོང་གསུམ།
།དག་པར་གྱུར་ཅིག་སྡིག་པ་སྒྲིབ་པ་རྣམས།
།བྱང་བར་གྱུར་ཅིག་ན་རག་སྡུག་བསྔལ་རྣམས།
།འཕེལ་བར་གྱུར་ཅིག་དཀར་པོ་དགེ་བའི་ཚོགས།
།དར་ཞིང་རྒྱས་པར་གྱུར་ཅིག་དུས་གསུམ་བདེར་གཤེགས་བཀའ།
།མཐར་ཕྱིན་ཐོབ་པར་གྱུར་ཅིག་ཁམས་གསུམ་སེམས་ཅན་དང་།
།སྒོས་བཙན་རྒྱལ་པོ་ཡོན་གྱི་བདག
།སྤྱི་བཙན་མཐའ་ཡས་སེམས་ཅན་རྣམས།
།བླ་མེད་དུས་གསུམ་བདེར་གཤེགས་དང་།
།དབྱེར་མེད་གཅིག་ཏུ་གྱུར་ནས་ནི།
།བླ་མེད་འབྲས་བུ་ཐོབ་པར་ཤོག
།ཅེས་བརྗོད་ལྷ་རྣམས་བདག་ལ་བསྡུ།
།དམིགས་མེད་ཐུགས་རྗེས་ཟིན་པར་བྱས།
།བསྔོ་བ་བཀྲ་ཤིས་སྨོན་ལམ་དགའ་བདེ་བསྐྱེད།
།དེ་ཚེ་འོལ་མོ་ལུང་དུ་ནི།
[186]།གནས་པའི་གཤེན་པོ་གྲངས་མེད་པས།
།ཐམས་ཅད་ཚོགས་རྫོགས་སྒྲིབ་བྱང་སྟེ།
།མེ་ཏོག་ཆར་མང་མངོན་པར་བབས།
།གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
བདེར་གཤེགས་ཀུན་འདུས་ཡོངས་སུ་རྫོགས་པའི་མཆོད་པ་ཞེས་བྱ་བ་གསང་བ་མདོ་སྡུད་ཀྱིས་བཀོད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz