།།དེ་ནས་འོལ་མོ་[191]ལུང་རིང་གླིང་དུ་ནི།
།འ་ཞ་གསང་བ་མདོ་སྡུད་ཀྱིས།
།སྟོན་པ་གཤེན་རབ་མི་བོ་ལ།
།ཞལ་དྲོ་བཀྲ་ཤིས་མཛད་པའི་མདོ།
།ཨཱོྃ་དུས་གསུམ་བདེར་གཤེགས་ཁྱད་པར་རྨད་བྱུང་བ།
།སྟོན་མཆོག་དང་པོ་འབུམ་ཁྲི་གློག་གི་ལྕེ་ཅན་ལ།
།འོད་གསལ་སྒྲོན་མེ་ཕུལ་ནས་སྟོན་པར་སེམས་བསྐྱེད་པས།
།བཀྲ་ཤིས་གཡུང་དྲུང་སེམས་མཆོག་ཐོབ་པའི་བཀྲ་ཤིས་ཤོག
།སྟོན་མཆོག་དང་པོ་གསལ་བ་འོག་མིན་ཕོ་བྲང་དམ་པ་རུ།
།གཏོ་རྒྱལ་ཡེ་མཁྱེན་དག་གིས་འགྲོ་དོན་ལུང་བསྟན་ཅིང་།
།དགོངས་པ་ལྔ་ལྡན་འཛམ་གླིང་སེང་གེར་སྤྲུལ་ཅིང་གཤེགས།
།བཀྲ་ཤིས་སྟོན་པ་ལྷ་ལ་བབས་པའི་བཀྲ་ཤིས་བདེ་ལེགས་ཤོག
།འོལ་མོ་གླིང་དུ་བར་པོ་སོ་བརྒྱད་མཁར་དུ་རྒྱལ་བོན་ཐོད་དཀར་ཡབ།
།མི་ཕྱི་ལྷའི་ཡོ་ཕྱི་རྒྱལ་བཞད་མཚན་ལྡན་ཡུམ།
།ལྷུམས་སུ་ཟླ་དགུ་ངོ་བཅུ་བློ་གྲོས་ལྡན་ཅིང་སྐུ་བལྟམས་ཏེ།
།བཀྲ་ཤིས་ཞལ་དྲོ་སྐྱེ་དགུ་རྣམས་ལ་ཕན་པའི་[192]བཀྲ་ཤིས་ཤོག
།བར་པོ་སོ་བརྒྱད་བཀྲ་ཤིས་ཁང་པ་ཀ་བ་ལ་བརྟེན་ནས་འབྱུང་བའི་ལྷ་མོས་བརྟེན།
།སྟོན་མཆོག་སྐུ་བལྟམས་ཚངས་པས་ཕྱི་དར་དཀར་སྐུ་ཕྱིས་བླངས།
།དགའ་བའི་ཚལ་དུ་གཤེགས་ནས་གཡུང་དྲུང་པད་མ་བཀྲ།
།བཀྲ་ཤིས་སྐུ་བལྟམས་གཞོན་ནུ་རོལ་བའི་བཀྲ་ཤིས་ཤོག
།ཁྲི་སྨོན་རྒྱལ་བཞད་སྒོ་དྲུང་བྲམ་ཟེས་མཚན་ལྟས་ཏེ།
།མཚན་ལྟས་བཀྲ་ཤིས་བརྗོད་དེ་གཤེན་རབ་འབྱུང་ངོ་ཞེས།
།རྒྱལ་རིགས་ཀུན་འདུས་མེ་ཏོག་གཏོར་ཞིང་རྒྱན་བཏགས་པ།
།བཀྲ་ཤིས་ཞལ་དྲོ་མཛད་བཞིན་བཀྲ་ཤིས་བདེ་ལེགས་ཤོག
།གཞོན་ནུར་གྱུར་ཚེ་རྩལ་དང་ཡིག་རྩིས་སྟོབས་ལྡན་ཞིང་།
།གཞོན་ནུ་ཀུན་གྱི་རབ་ཏུ་གྱུར་པས་ལྷ་མི་ཀུན་གྱིས་བསྟོད།
།རྒྱལ་རིགས་རྒྱལ་སྲིད་སྐྱོང་ཕྱིར་ཧོས་ཟ་དཔོ་ཟ་ཁབ་ཏུ་བཞེས།
།རྨ་ལོ་གཡུ་ལོ་གཏོ་བུ་དཔྱད་བུ་སྤྲུལ་པའི་སྲས་བུ་བལྟམས།
།གཏོ་སྒྲོ་དཔྱད་སྒྲོ་རྩིས་སྒྲོ་[72]སྨན་སྒྲོས་འགྲོ་བའི་[193]ཕན་ཡོན་མཛད།
།སྒོ་བཞི་མཛོད་ལྔ་བོན་སྒོ་དབྱེ་བའི་བཀྲ་ཤིས་ཤོག
།ཁྲི་སྨོན་རྒྱལ་བཞད་སྒོ་བཞིར་སྐྱེ་རྒ་ན་འཆི་གཟིགས།
།གཅིག་པུར་དཀའ་ཐུབ་གླིང་ལ་ལྷས་བཏེག་ནས།
།རང་འབྱུང་མཆོད་རྟེན་དྲུང་དུ་གཙུག་ཕུད་སྐྲ་བྲེག
།ལྷ་དང་ཀླུ་ཡི་བུ་མོས་བདུད་རྩིའི་ཁྲུས་ཆབ་གསོལ།
།སྟོན་པ་ཁྱིམ་སྤངས་རབ་ཏུ་བྱུང་བའི་བཀྲ་ཤིས་ཤོག
།ལྷ་རྣམས་རྫུ་འཕྲུལ་སྐོས་འདེབས་བླ་གོས་རྣམ་ལྔ་ཕུལ།
།ཆུ་བོ་གྱིམ་ཤིང་འགྲམ་དུ་དཀའ་ཐུབ་མ་ལུས་རྫོགས།
།འཁོར་སྤངས་དགོན་པ་མཛད་ནས་བསམ་གཏན་མཛད།
།བཀྲ་ཤིས་འོ་མ་གསོལ་ནས་བྱུང་བས་བདུད་རྩིར་དྲངས།
།ཡང་དག་ཚུལ་ཁྲིམས་རྫོགས་པའི་བཀྲ་ཤིས་ཤོག
།སྟོན་པ་བསམ་གཏན་བཞེངས་ནས་མགོན་གསུམ་ཕྱྭ་ཡུལ་དུ།
།ཀུན་བཟང་བསྒོམས་པའི་དོན་གྱིས་དགོངས་པ་ཐག་བཅད་དེ།
།གཡུང་དྲུང་[194]དགུ་བརྩེགས་རི་ལ་སེང་གེའི་ཁྲི་ལ་བཞུགས།
།སྲོད་ལ་བདུད་བཏུལ་ནམ་ལངས་ཉི་ཤར་རྩེ་ལ་སངས་རྒྱས་པའི།
།སྟོབས་མཆོག་ཐར་པ་རབ་ཏུ་ཐོབ་པའི་བཀྲ་ཤིས་ཤོག
།འོལ་མོ་གླིང་དུ་སྟོན་པས་བོན་གྱི་འཁོར་ལོ་བསྐོར།
།རྒྱུ་དྲུག་མངོན་བཞི་བདེན་གཉིས་སྡེ་བཞི་ཡ་བརྒྱད་འཁོར་ལ་བསྟན།
།ལྷ་དང་ཀླུས་བསྟོད་འགྲན་ཟླ་མེད་པའི་སྟོན་པར་གྱུར།
།སྟོན་མཆོག་གཤེན་རབ་མི་བོར་གྱུར་པའི་བཀྲ་ཤིས་ཤོག
།བདུད་རྗེ་ཁྱབ་པ་ལ་སོགས་ནག་པོའི་བདུད་རིགས་བཏུལ།
།སེང་གེ་ཆུ་སྲིན་མི་བཟད་བདུད་ཀྱི་སྤྲུལ་པ་བཏུལ།
།སྤྲེལ་གྱིས་ཤིང་ཏོག་ཕུལ་ཏེ་རྩི་ཤིང་ལྷ་མོས་སྡུད།
།འདུལ་བ་སུམ་ཅུ་ལ་སོགས་རིགས་དྲུག་ཐར་བའི་ལམ་དུ་བཀོད།
།གཡུང་དྲུང་དགུ་བརྩེགས་རི་ལ་དགོངས་པ་མ་ལུས་རྫོགས།
།འོལ་མོ་གླིང་དུ་མཛད་པ་རྫོགས་པའི་བཀྲ་ཤིས་ཤོག
[195]།གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས།
མཛད་པ་བཅུ་གཉིས་བཀྲ་ཤིས་འོལ་མོ་གླིང་དུ་མཛད་པའི་ལེའུ་ཉི་ཤུ་བའོ།།
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།
ཤོག་གྲངས་ནི།
Bon
Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས།
ཨང་ཀི་དམར་པོ།
(Si
khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས།
ཨང་ཀི་སྔོན་པོ།
(Gangs
ti se bon gzhung rig mdzod, Amdo 2009)
Brak komentarzy:
Prześlij komentarz