poniedziałek, 10 czerwca 2019

(19) མདོ་འདུས་ལས། ལེའུ་བཅུ་དགུ་བ། དགེ་རྩ་རྒྱ་ཆེར་བསྔོ་བ་བསྟན་པ།

།།དེ་ནས་སྟོན་པ་གཤེན་རབ་ལགས། འ་ཞ་གསང་བ་མདོ་སྡུད་ཀྱིས། །སྟོན་པ་ལ་ནི་ངེས་ཞུས་པ། །ཨེ་མ་སྟོན་པ་བླ་ན་མེད། །སྤྱི་བཙན་ཁམས་གསུམ་སེམས་ཅན་དང་། །སྒོས་བཙན་རྒྱུ་སྦྱོར་ཡོན་བདག་གི །དགེ་བ་མཐའ་རུ་རྒྱས་པའི་ཕྱིར། །སྟོན་པས་བསྔོ་བ་མཛད་པར་ཞུ། །ཞེས་ཞུས་སྟོན་པས་བཀའ་བསྩལ་བ། །གསང་བ་མདོ་སྡུད་ཞུས་པ་ལེགས། །དགེ་བ་ཆེའམ་ཆུང་ཡང་རུང་། །ཇི་ལྟར་བསྔོས་པ་དེ་ལྟར་འབྱུང་། །མ་བསྔོས་དགེ་བ་ཟད་པ་དང་། །ལོག་པར་བསྔོས་ན་དགེ་བ་སྟོར། །རང་དོན་བསྔོས་ན་རྒྱ་ཆུང་ཞིང་། །གཞན་དོན་བསྔོ་ན་རྒྱ་ཆེར་འཕེལ། །དེ་བས་རྒྱ་ཆེར་བསྔོ་བར་བྱས། [187]།ན་མོ་ཕྱོགས་བཅུ་དུས་གསུམ་གྱི། །བདེར་བར་གཤེགས་པ་ཐམས་ཅད་དང་། །ས་ཆེན་པོ་ལ་རབ་ཏུ་ཞུགས་པ་ཡི། །གཡུང་དྲུང་སེམས་དཔའ་ཐམས་ཅད་དང་། །ཕྱོགས་བཅུའི་གཤེན་རབ་དགོངས་སུ་གསོལ། །དུས་གསུམ་བདེ་བར་གཤེགས་པ་དང་། །ཕྱོགས་བཅུའི་གཤེན་རབ་ཐམས་ཅད་དང་། །འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་། །ལྷ་དང་མི་ཡི་ཡོན་བདག་[70]དང་། །སྤྱི་བཙན་ཁམས་གསུམ་སེམས་ཅན་དང་། །སྒོས་བཙན་རྒྱུ་སྦྱོར་ཡོན་བདག་གིས། །དང་པོ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །ལུས་ངག་ཡིད་གསུམ་གྱི་སྒོ་ནས། །སྡིག་པ་མི་དགེ་སྤངས་པ་དང་། །སྤང་དུ་འཇུག་དང་རྗེས་ཡི་རང་། །དཀར་པོ་དགེ་ལ་སྤྱོད་པ་དང་། །སྤྱོད་དུ་འཇུག་དང་རྗེས་ཡི་རང་། །ཕྱི་དྲང་སྲོང་སྡོམ་པ་སྲུང་པ་དང་། །བསྲུང་དུ་[188]འཇུག་དང་རྗེས་ཡི་རང་། །བར་གཡུང་དྲུང་བསླབ་པ་སྲུང་བ་དང་། །བསྲུང་དུ་འཇུག་དང་རྗེས་ཡི་རང་། །ནང་ཨ་དཀར་དམ་ཚིག་སྲུང་བ་དང་། །སྲུང་དུ་འཇུག་དང་རྗེས་ཡི་རང་། །གསང་བ་རྫོགས་ཆེན་ལྟ་སྤྱོད་དང་། །སྤྱོད་དུ་འཇུག་དང་རྗེས་ཡི་རང་། །སྦྱིན་པ་རྒྱ་ཆེན་བཏང་བ་དང་། །གཏང་དུ་འཇུག་དང་རྗེས་ཡི་རང་། །སྦྱིན་པའི་བླ་ན་མེད་པར་ཕྱིན་པ་དང་། །ཚུལ་ཁྲིམས་དྲི་མེད་སྲུང་བ་དང་། །བསྲུང་དུ་འཇུག་དང་རྗེས་ཡི་རང་། །ཚུལ་ཁྲིམས་བླ་ན་མེད་པར་ཕྱིན་པ་དང་། །བཟོད་པ་དམ་པར་བསྒོམ་པ་དང་། །སྤྱོད་དང་འཇུག་དང་རྗེས་ཡི་རང་། །བཟོད་པའི་བླ་ན་མེད་པར་ཕྱིན་པ་དང་། །དགེ་བའི་ལས་ལ་བརྩོན་པ་དང་། །བརྩོན་འགྲུས་བསྐྱེད་དང་རྗེས་ཡི་རང་། །བརྩོན་འགྲུས་བླ་ན་མེད་པར་ཕྱིན་པ་དང་། །བསམ་གཏན་བསྒོམས་དང་བསྒོམ་དུ་འཇུག [189]།རྗེས་སུ་ཡི་རང་བསྐྱེད་པ་དང་། །བསམ་གཏན་བླ་ན་མེད་པར་ཕྱིན་པ་དང་། །ཤེས་རབ་བསྐྱེད་དང་བསྐྱེད་དུ་འཇུག །ཤེས་རབ་བླ་ན་མེད་པར་ཕྱིན་པ་དང་། །ཐབས་དང་སྟོབས་དང་ཡེ་ཤེས་སྨོན་ལམ་རྣམས། །རྒྱུད་ལ་བསྐྱེད་པ་རྗེས་ཡི་རང་། །ཐབས་དང་སྟོབས་དང་ཡེ་ཤེས་སྨོན་ལམ་གྱི། །བླ་ན་མེད་པའི་དགེ་རྩ་དང་། །རྒྱུ་བསོད་ནམས་ཚོགས་ནི་བསགས་པ་དང་། །གསག་པར་འཇུག་དང་རྗེས་ཡི་རང་། །རྒྱུ་བསོད་ནམས་བླ་ན་མེད་པར་ཕྱིན་པ་དང་། །འབྲས་བུ་ཡེ་ཤེས་ཚོགས་ནི་བསགས་པ་དང་། །གསག་པར་འཇུག་དང་རྗེས་ཡི་རང་། །འབྲས་བུ་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པར་ཕྱིན་པ་དང་། །འདུས་བྱས་དགེ་བའི་རྩ་བ་དང་། །འདུས་མ་བྱས་ཀྱི་དགེ་བ་རྣམས། །གཤེན་རབ་དག་པས་རྒྱ་ཆེར་སྤེལ། །ནམ་མཁའ་ཁྱབ་པའི་དགེ་བ་རྣམས། །ཐུགས་རྗེ་ཆེན་པོས་[190]དབང་བསྒྱུར་ཏེ། །བླ་མེད་དགེ་བའི་རྩ་བ་འདི། །སྤྱི་བཙན་ཁམས་གསུམ་སེམས་ཅན་དང་། །སྒོས་བཙན་བདག་དང་ཡོན་བདག་རྣམས། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །ཉོན་མོངས་ཤེས་བྱའི་སྒྲིབ་སྦྱངས་ནས། །བླ་མེད་འབྲས་བུ་ཐོབ་པར་ཤོག །སྐྱེ་མེད་བོན་སྐུ་ཐོབ་པར་ཤོག །སྐྱེ་མེད་བོན་སྐུ་ཐོབ་ནས་ཀྱང་། །གཟུགས་མེད་ཁམས་རྣམས་སྦྱངས་གྱུར་ཅིག །བླ་མེད་རྫོགས་སྐུ་ཐོབ་[71]གྱུར་ཅིག །བླ་མེད་རྫོགས་སྐུ་ཐོབ་ནས་ཀྱང་། །གཟུགས་ཁམས་གནས་རིགས་སྦྱངས་གྱུར་ཅིག །ཅིར་ཡང་སྤྲུལ་སྐུ་ཐོབ་གྱུར་ཅིག །ཅིར་ཡང་སྤྲུལ་སྐུ་ཐོབ་ནས་ཀྱང་། །འདོད་ཁམས་སེམས་ཅན་སྦྱངས་གྱུར་ཅིག །ཅེས་བརྗོད་མི་དམིགས་རྒྱས་གདབ་པོ། །གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། དགེ་བའི་རྩ་བ་རྒྱ་ཆེར་བསྔོ་བའི་ལེའུ་སྟེ་བཅུ་དགུ་བའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)

Brak komentarzy:

Prześlij komentarz