wtorek, 1 maja 2012

Hołd Jesie'mu Ozerowi

Gdy wchodziłem na górę,
pierwszy promień zaświecił.
Ukrył swoją wspaniałość
pod pozorem sprzątacza.
Oto prosta osoba
igra w sprawach zawiłych.
Głos Twój zabrzmiał w mym sercu,
zobaczyłem Lwa Mowy.
Gdy głos oraz postawa
razem do mnie mówiły,
sam król siedział przede mną,
pełen światła, w pałacu.
Ten świat znałeś jak miraż,
śmiałeś się i płakałeś.
Ty sam, Promień Poznania,
Światłem Łaski zabłysłeś.
Miejsce wnet opuściłeś.


27 kwietnia około 10 rano
odszedł Mnich z Gune, Jesie Ozer,
wspaniały duchowny bonu.


 Gune Trangsonk, Jesie Ozer (1950-2012),
zdjęcie: Seonah Yeom

འགུ་ནེ་དྲང་སྲོང་ཡེ་ཤེས་འོད་ཟེར།


འགུ་ནེ་དྲང་སྲོང་ཡེ་ཤེས་འོད་ཟེར་གྱི་སྐུ་ཚེའི་ལོ་རྒྱུས་མདོ་ཙམ་གླེང་བ།

བསོད་ནམས་སྤྲིན་ཚོགས་གཡོས་པའི་ཉེར་ལེན་ལས།
སྐྱེས་རབས་སྦྲང་ཆར་ཕབ་པའི་པད་དཀར་ཞིག
ཞལ་ཕུའི་ལྷ་སྡེ་འགུ་ནེའི་ཁྱིམ་རྒྱུད་དུ།
རིགས་ཀྱི་མྱུ་གུ་བུས་པའི་རྣམ་ཐར་གླེང༌།

༡༩༥༠་ལོར་འགུ་ནེ་ཁྱི་དགའ་ཞེས་ཡབ་དམ་པ་འགུ་ནེ་བསོད་ནམས་དབང་འདུས་དང༌། ཡུམ་ལྡོང་བཟའ་་་་གཉིས་ཀྱི་སྲས་སུ་ཁྱུང་པོ་ནག་རུའི་ཞལ་ཕུའི་གྲོང་སྡེ་རུ་རིགས་ཀྱི་མྱུ་གུ་བུས། ཁོང་གི་ཨ་མྱེ་སོགས་ཁྱིམ་རྒྱུད་ཀྱི་མི་ཐོག་ཁ་ཤས་ཀྱིས་ཁྱུང་པོ་ནག་རུའི་ལྡིང་དཔོན་གྱི་གོ་གནས་བཞེས་ཏེ་སྡེ་འབངས་རྣམས་ཀྱི་སྐྱིད་སྡུག་ལེགས་ཉེས་ལ་འགན་ཁུར་གནང་མྱོང་ཡོད། དེར་བརྟེན་ཁོང་ནི་ཡུལ་སྡེས་གུས་བཀུར་དང་མཐོང་ཆེན་བྱེད་སའི་ཁྱིམ་རྒྱུད་ཅིག་གི་ནང་དུ་སྐྱེས་པས་ཀ་ཁ་ག་ངའི་དབྱངས་རྟ་སློབ་པའི་དགེ་རྒན་ཡོད་ལ། བྱིས་དུས་ཀྱི་འཚོ་བ་དང༌། འཚར་ལོང་ནི་བདེ་ཞིང་སྐྱིད་པའི་ངང་ནས་བསྐྱལ་རྒྱུ་བྱུང་ཡོད་ནའང་དེ་ནི་དུས་ཚོད་ཐུང་ངུ་ཞིག་ཏེ་མི་ཡི་སེམས་ཁམས་ཀྱི་ཚོར་འདུའི་གསོན་ཤུགས་མ་རྒྱས་པའི་བྱིས་དུས་ཀྱི་རྣམ་ཐར་རམ་མི་ཚེའི་འགོ་འཛུགས་སྟངས་ཀྱི་ལེའུ་ཚན་དང་པོའི་ གནས་ཚུལ་ཙམ་རེད།
༡༩༥༩་ལོའི་
ཟིང་འཁྲུག་གི་དབུ་ཁྱུད་བརྩམས་པ་ནས་བཟུང༌། དུས་ཀྱི་འཕོ་འགྱུར་དང༌། མི་ཡི་འཐབ་འཁྲུག་གི་སྐལ་པའི་བར་གསེང་ནས་ཁོང་ཚང་གི་མི་ཚེའི་སྐྱིད་སྡུག་དང༌། བསོད་ནམས་ཀྱི་འཕེལ་ཁ་ལ་འགལ་རྐྱེན་བར་ཆོད་གཅིག་ཐོག་གཉིས་བརྩེགས་བྱུང་ནས་ཁ་རྗེ་དབང་ཐང་གི་ཚེ་སྲོག་ལ་གོད་ཆགས་བསམ་ཡུལ་ལས་འདས་པ་ཐེབས། དེ་ནས་ཁོང་གི་ཨ་མྱེ་དང་ཕ་རྒན་གཉིས་རིམ་བཞིན་གྲོངས་ཤིང་ཨ་ཁུ་བཙོན་དུ་བཅུགས། དེ་རྗེས་ཁོང་ཚོ་མ་བུ་རྣམས་སྤྱི་ཚོགས་ཀྱི་ལས་གནས་ནས་བུད་དེ་སྐྱབས་མེད་མགོན་མེད་དུ་ལྷག་ནས་མི་ལོ་དུ་མའི་རིང་བཀྲེས་ལྟོགས་དང༌། སྡུག་བསྔལ་གྱི་གཅོད་སྦྱང་ཁྲོད་མི་ཚེའི་འཚོ་བ་ཐབས་ཆག་རེ་མི་སྐྱེལ་ཁག་མེད་བྱུང་ཡོད། དེ་རྗེས་ཁོང་གི་ཨ་ཁུ་འགུ་ནེ་རྟོགས་ལྡན་དུ་འབོད་པ་ཁོང་བཙོན་གྲོལ་ཐོབ་རྗེས་ཡུལ་དུ་ལོག་ཅིང་ཤུལ་ལུས་མ་བུ་རྣམས་དང་ལྷན་འཛོམས་ཀྱི་སྐལ་བ་བྱུང་ནས་སྐྱིད་ཀྱི་ཉི་མ་ཤར་འགོ་བཙུགས་ནའང༌། སྔ་མའི་ས་ཞིང་ཁང་གསུམ་དང༌། རྟ་ནོར་ལུག་གསུམ། གཡུ་བྱུ་རུ། གཟི་སྤོས་ཤེལ། ཁྲོ་རྡོ་ཟངས། དར་གོས་ཆེན། ཕྲུག་ཚ་རུ། གསེར་དངུལ་རྒྱན་ཆ། དཔེ་ཆ་ཡིག་རིགས། མཆོད་ཆ་རོལ་མོ་སོགས་རང་གི་ཕ་མྱེས་རྣམས་ཀྱིས་ཐབས་མཁས་དང༌། ཤེས་འཇོན། རྔུལ་ཆུ་དང་ཤ་ཁྲག་གྲོན་ཟད་ཀྱི་དཀའ་ཚེགས་དུ་མའི་བརྒྱུད་རིམ་བཤར་ནས་བསགས་པའི་མི་ཐོག་དུ་མའི་རིང་གི་རྒྱུ་ནོར་ཡོངས་རྫོགས་འཕྲོག་པ་དང༌། བསྲེགས་པ། བཅག་པ་དང༌། གཏོར་བ་སོགས་བྱས་ཚར་ཞིང་ཤུལ་དུ་ལུས་པ་ནི་བཟའ་མི་རྣམས་ར་ལུག་བཏགས་པ་བཞིན་མཉམ་བཤིབས་དགོས་པའི་མི་ཟོག་མཉམ་གནས་ཀྱི་ཁང་ཆུང་ཐབ་ཆགས་ཤིག་དང༌། ཐབ་ཀྱི་རྫ་སྣོད་ནས་རླངས་པ་སྨུག་ལོང་ལོང་དུ་ཁོལ་བཞིན་པའི་ཆུ་ཁོལ་ཚ་བོ་ཕོར་གང་དང༌། རྩམ་པ་སྡེར་གང༌། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚེགས་བཞི་ལ་བརྗེ་མྱོང་མེད་པའི་པགས་ཚགས་དྲེད་ནག་ཅན་རལ་རུལ་དུ་གྱུར་ཡོད་པ་དེ་ཙམ་མ་གཏོགས་མེད། ཡིན་ནའང་གནའ་མིའི་གཏམ་དཔེར། “མགོ་ནག་སྐྱིད་སྡུག་རང་གི་ལག” ཅེས་པ་ལྟར་ཁོང་མིང་སྲིང་ཆེ་བ་གཉིས་ཀྱིས་ཨ་ཁུའི་ལག་ཤེས་ཀྱིས་བསྐྲུན་པའི་རྫ་མའི་སྣོད་ཆས་རྣམས་ཁུར་ཏེ་ཁྱུང་པོ་དཀར་ནག་གི་ཡུལ་ལུང་དུ་མར་འགྲིམས་ནས་རྫ་ཚོང་བྱས་པས་སྐམ་རློན་གྱི་ཟས་རིགས་གང་བྱུང་བར་བརྟེན་ནས་མཐར་ཁོང་ཚོ་མུག་གེས་མ་ཤི་ཙམ་བྱུང་ཡོད།
དེ་ཡང༌།
།དུས་ཀྱི་སྲིན་པོ་འཁྲོས་པའི་ཁྲོ་ཞལ་གྱིས།
།སྣོད་བཅུད་ཟས་སུ་བསྟབ་པའི་ལྷག་མ་ལ།
།རིགས་ཀྱི་རྒྱུད་པ་མིང་སྲིང་གསུམ་པོ་ཡང༌།
།སྐྱིད་སྡུག་མཉམ་པའི་ལས་ཀྱི་སྲིན་བུ་གྱུར།
།ཞེས་ཀྱང་སྨྲའོ།
དེ་རྗེས་ཁོང་ཚང་སྤྱི་ཚོགས་ཀྱི་ལས་གནས་ཐོག་ཡར་ཚུད་པ་ཙམ་བྱུང་ཡང་སྐབས་དེར་ཡུལ་ལུང་སྤྱི་ཡི་གནས་བབས་ཉམས་ཞན་ཡིནསྟབས་ལྟོ་མ་གཏོགས་ཙམ་ལས་དཀའ་ཚེགས་ཀྱི་ལས་ཀ་ལྕི་ཤོས་རྣམས་ཁོང་ཚང་དང་ཁོང་ཚང་འདྲ་བའི་གྲལ་རིམ་པ་རྣམས་ཀྱིས་ཁུར་དགོས་ཀྱི་ཡོད། དེ་མུས་སུ་ཁོང་གིས་གཅེས་པའི་དྲིན་ཆེན་མ་ཡུམ་དེ་ཉིད་ཚེ་ཡི་འཕེན་པ་རྫོགས་ནས་སྡུག་བསྔལ་གྱི་ཁུར་པོ་ལྕི་མོ་འཕྲག་ཐོག་ཏུ་ལྷུང་ཡང་སྐབས་དེར་ཁོང་གི་ཨ་ཁུ་འགུ་ནེ་རྟོགས་ལྡན་སོགས་ཆོས་བྱེད་མི་སྣ་རེ་གཉིས་ཀྱིས་གསང་སྟབས་ངང་གཤིན་པོའི་
ལམ་སྟོན་གྱི་ཞུ་སྒོ་གང་འགབ་གནང་རྒྱུ་བྱུང་ཡོད།
དེ་རྗེས་ཆོས་དད་རང་མོས་དང༌། ཞིང་འབྲོག་ཐོན་སྐྱེད་རྣམས་རང་བདག་རང་སྐྱོང་ཆོག་པའི་གུ་ཡངས་སྲིད་ཇུས་ལག་བསྟར་བྱུང་བ་ནས་བཟུང༌། སྐབས་སུ་བབས་པའི་འཆད་བྱ་འགུ་ནེ་ཁྱི་དགའ་ཁོང་ལ་དགའ་ཚོར་གྱི་ཚོར་སྣང་འཕར་མ་ཞིག་བྱུང་བ་དང་ལྷན་དུ་ཞིང་འབྲོག་གི་ལས་དཀའི་བར་གསེང་ཡོད་དོ་ཅོག་ལ་བོན་ཆོས་འདོན་ཀློག་གནང་ཆོག་པའི་གོ་སྐབས་དེ་དང་དུ་བླངས། དེ་ནི་ཁོང་གིས་སྐྱིད་སྡུག་དང༌། དཀའ་ཚེགས་དུ་མའི་མི་ཚེའི་ཉམས་མྱོང་གི་བརྒྱུད་རིམ་བཤར་ཡང་བློ་ཕུགས་བོན་དང༌། བདེན་པ་དཀོན་མཆོག་ལ་གཏད་པའི་སྙིང་གི་རུས་པ་དུས་ནམ་ཡང་ཉམས་མེད་གསོན་པོར་བཅངས་ཡོད་པའི་དན་རྟགས་ཏེ། ཆོས་ཀྱི་སྒོ་དབྱེའི་དུང་བརྡ་དང་པོ་ཐོས་མ་ཐག་ཡིད་ཀྱི་རྨ་བྱའི་གར་སྟབས་ཁྱུང་པོ་དཀར་ནག་སེར་གསུམ་གྱི་མངའ་ཁོངས་སུ་བཞུགས་པའི་སྐྱེས་ཆེན་རྣམ་པའི་ཕྱོགས་སུ་བསྒྱུར་ཏེ། འཇའ་ལུས་པ་གཙུག་ཕུད་འོད་ཟེར་དང༌། རྣལ་འབྱོར་བ་ཉི་མ་ཚུལ་ཁྲིམས། གོ་སེ་སྤྲུལ་སྐུ་རིན་རྒྱལ། མཁན་པོ་བོན་དབྱིངས་རང་གྲོལ། མཐའ་ཞུ་བླ་མ་གྲགས་ལྡིས་དང༌། པད་མ་བཀོད་ལེགས་སོགས་བླ་མ་རྣམས་སྤྱི་བོའི་
གཙུག་རྒྱན་དུ་བཀུར་ཞིང་བཤེས་གཉེན་དུ་བསྟེན་པ་དང༌། བོན་ཉན་པ། གདམས་ངག་ཞུ་བ། ཁ་ཐོན་འདོན་པ། ཡི་གེ་ཀློག་པ། རིམ་གྲོ་ལ་འབད་པ། གསུང་རབ་བཞེངས་བ། སྔོན་འགྲོ་བསགས་པ་སོགས་གཞན་ལས་ལྷག་པའི་བརྩོན་འགྲུས་ཀྱིས་དགེ་ལ་འབད་པ་ཆུ་བོའི་ རྒྱུན་བཞིན་གནང་རྒྱུའི་གོ་སྐབས་ཐོབ།
འདི་ལྟར།
།སྐྱིད་སྡུག་ཉི་ཟླའི་ཆར་ནུབ་དུས་ཀྱི་འགྲོས།
།དཀར་ནག་རྒྱུ་འབྲས་འཕེལ་འགྲིབ་ལས་ཀྱི་ཚད།
།དགེ་སྡིག་དྲང་ཤན་ཕྱེད་པ་བདེན་པའི་མཐུ།
།གཡུང་དྲུང་བོན་ལ་སྤྱོད་པ་བོན་པོའི་
འགན།
།ཞེས་ཀྱང་སྨྲའོ།
ཕྱི་ལོ་༡༩༨༦་ལོར་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་སྐུ་ཡི་འཁྲུངས་ཡུལ་དུ་ཆིབས་ཞལ་ཐེངས་དང་པོ་བསྒྱུར་བ་དང་འགུ་ནེ་ཁྱི་དགའ་ཁོང་ལ་གསེར་ཞལ་མཇལ་རྒྱུའི་ལས་སྔོན་གྱི་རྟེན་འབྲེལ་དུས་སུ་སྨིན། དེ་ཡང༌། རྒྱུད་ལས། འཁོར་བར་བློ་ལོག་ཁོང་ནས་མ་སྐྱེས་ན། །དད་པ་ཡོད་ཀྱང་ལོག་པའི་ལམ་དུ་འགྲོ། ཞེས་པ་ལྟར་སྐབས་དེར་ཁོང་ལ་བཅོས་མིན་གྱི་ངེས་འབྱུང་དྲག་པོ་ཐུགས་རྒྱུད་ལ་འཁྲུངས་ནས་ཁྱིམ་མི་གཉེན་ཚན་ཀུན་གྱིས་བཤོལ་ཡང་མ་ཐུབ་པར་༧ཡོངས་འཛིན་རིན་པོ་ཆེའི་མདུན་ནས་སོ་ཐར་གྱི་སྡོམ་པ་བླངས་ཏེ་རབ་ཏུ་བྱུང་བའི་ཚུལ་མིང་ཡེ་ཤེས་འོད་ཟེར་ཞེས་ཐོབ། དེ་ནས་ཁོང་གིས”ཕ་ཡུལ་སྤངས་ཏེ་གྲྭ་སར་འགྲིམས”པའི་མི་ཚེའི་ལོ་རྒྱུས་གསར་པ་ཞིག་དབུ་བཙུགས་ཤིང༌། ལོ་དེར་ཕ་ཡུལ་ནས་ཐོན་ཏེ་རིམ་བཞིན་གྲྭ་ས་གཡུང་དྲུང་གླིང་དང༌། གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་དགོན་གཉིས་ལ་སྒྲིག་ལ་ཞུགས་པ་དང༌། ཁྲིམས་ལ་སྦྱོང་བ། གདམས་ངག་ཉན་པ། འཚོགས་ལ་བཞུགས་པ་སོགས་དགོན་གྱི་བཅའ་ཁྲིམས་དང༌། རང་གི་སྲུང་ཁྲིམས་ལ་གཅེས་སྲུང་ཉམས་ལེན་ཞུས་པ་མ་ཟད་དགོན་པའི་ཞུ་སྒོ་གང་ཐད་ལ་ཕྱར་བ་གྲུ་འདེགས་གནང་སྟེ་ཚ་རོང་བླ་མ་སྦྱིན་པ་རྒྱལ་མཚན་དང༌། རྒན་གཡུང་དྲུང༌། གྲྭ་ཚུལ་ཁྲིམས་བཅས་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན། དེ་བཞིན་དུས་འགྱུར་རྗེས་ཀྱི་སྨན་རིའི་སྒྲུབ་ཆེན་”སྨན་སྒྲུབ་འོད་ཟེར་འཁྱིལ་བ”འཚོགས་ཐེངས་དང་པོ་སྐྱོང་བའི་སྐལ་བཟང་ཤར་སྐབས་ཁོང་ཡང་སྒྲུབ་ཁང་ཨ་མཆོད་ཀྱི་གྲལ་དུ་བཞུགས་རྒྱུའི་སྐལ་པ་བྱུང་ཟེར། དེ་མུས་གཙང་གི་བོན་གནས་ཁག་ལ་མཇལ་སྐོར་དུ་ཕེབས་ཤིང་དད་པ་དག་སྣང་དང༌། ཕྱག་སྐོར་སྒྲིབ་སྦྱོང༌། ཁ་འདོན་བཟླས་བརྗོད་བཅས་ཀྱིས་ཐུགས་རྒྱུད་བོན་དང་འདྲེས་པར་བྱས། ཡིན་ནའང་ཁོང་གི་ཐུགས་འདོད་རེ་བ་ཆེ་ཤོས་ནི་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་གམ་དུ་བཤད་སྒྲུབ་གང་རུང་ལ་ཞུགས་ཏེ་སྐུ་ཚེ་གང་པོ་དགོན་གནས་སུ་བསྐྱལ་རྒྱུའི་ཆོད་སེམས་ཡོད་པ་ལྟར། གཙང་སྨན་རི་དགོན་གྱི་ལས་འཛིན་བླ་མ་རྣམས་ལ་བཀའ་དགོངས་ཞུས་ཏེ་ཁེར་རྐྱང་གི་མི་ཚེའི་བརྒྱུད་རིམ་བཤར་ནས་རིམ་བཞིན་སྟོད་ཕྱོགས་སུ་ཕེབས། སྟོད་ཀྱི་གངས་རྒྱལ་ཏི་སེ་དང༌། མ་པང་གཡུ་ཡི་མཚོ་མོ། སྟག་རི་ཁྲ་བོ། སྤོས་རི་ངད་ལྡན། ཁྱུང་ལུང་དངུལ་མཁར་སོགས་ཞང་ཞུང་གི་སྐུ་ལྷ་ཡི་དམ་མགོན་པོ་རྣམ་གསུམ་དང༌། རྒྱུང་ཡར་བླ་ཆེན་ཡབ་སྲས་བཅས་གཙང་མ་ཞང་ཞུང་གི་ལྷ་དང་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཆེན་ཁག་ལ་མཇལ་སྐོར་བྱས། དེ་ནས་རིམ་བཞིན་སྤུ་རོང་དང་དོལ་ཕྱོགས་བརྒྱུད་མཐར་བལ་ཡུལ་རྒྱལ་ས་ཡུམ་བུའི་ཉེ་འཁྲིས་སུ་གནས་བཅས་པའི་༧ཁྲི་བརྟན་ནོར་བུ་རྩེ་རུ་འབྱོར་ཞིང་༧ཡོངས་འཛིན་མཆོག་གི་གསེར་ཞལ་ཐེངས་གཉིས་པ་མཇལ་རྒྱུའི་སྐལ་བཟང་རྙེད། སྐབས་དེར་ཁྲི་བརྟན་ནོར་བུ་རྩེ་ཞེས་གདགས་གཞི་ཁང་ཆུང་རེ་གཉིས་ཤིག་དང༌། རྩ་ཡི་སྤྱིལ་པོ་ཕུབ་སའི་ས་ཆ་སྟོང་པ་ཙམ་མ་གཏོགས་མེད། དེ་ནས་༧ཡོངས་འཛིན་མཆོག་གི་བཀའ་བགོས་ལྟར་ཁོང་གིས་དགོན་གནས་འདིར་ཞོགས་ཀ་བསང་གསོལ་ཁ་དང༌། དགོང་མོ་བོན་སྐྱོང་དང་འདོན་སྐུལ་སོགས་གསུང་ཞོར་དགོན་པའི་གནས་གཞི་བདག་སྐྱོང་བྱེད་བཞིན་དུས་ཚོད་མི་རིང་བར་ཁྲི་བརྟན་ནོར་བུ་རྩེ་རུ་བསྡད། དེ་མཚམས་བོན་གཞིས་ཐོབ་རྒྱལ་གསར་པར་༧སྨན་གྱི་སྒྲུབ་ཆེན་ཐེངས་དང་པོ་སྐྱོང་བ་དང་འབྲེལ་རྒྱ་གར་དུ་ཕེབས་ནས་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གི་གསེར་ཞལ་དང་པོ་མཇལ་རྒྱུའི་སྐལ་བཟང་བྱུང༌། ༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་མདུན་ནས་སྔ་ཕྱི་དུ་མར་གདམས་ངག་དང༌། དབང་ལུང་གང་ཟབ་གང་མང་ཐོབ་པ་མ་ཟད་རིན་པོ་ཆེ་མཆོག་གིས་ཐུགས་གཙིགས་ཆེན་པོ་གནང་སྟེ་འདུལ་བའི་གླེགས་བམ་སོགས་དཔེ་ཆ་གང་དགོས་ཀྱི་གནང་སྦྱིན་ཀྱང་ཐོབ་མྱོང༌། སླར་ཁྲི་བརྟན་ནོར་བུ་རྩེ་རུ་ཚུར་འབྱོར་ནས་༧ཡོངས་འཛིན་མཆོག་གི་བཀའ་དགོངས་ལྟར་མཆེད་གྲོགས་དྲང་སྲོང་སངས་རྒྱས་སྨོན་ལམ་སོགས་ཀྱི་ལྷན་དུ་དགོན་གནས་སྲུང་སྐྱོང་དང་སྒྲུབ་ཁང་ལྷ་མཆོད་བཅས་གཅིག་ལྕོགས་ཀྱི་ལས་གནས་བཞེས། དེ་མཚམས་ཁྲི་བརྟན་ནོར་བུ་རྩེ་དགོན་པ་བཞེངས་སྐྲུན་ཐོན་རིམ་བཞིན་ཡོངས་འཛིན་མཆོག་དགོན་གནས་འདིར་རྒྱུན་བཞུགས་མང་བ་དང༌། དེ་བཞིན་དུས་ཚོད་སྐར་ཆ་ཙམ་ཡང་བག་ཡངས་སུ་མི་གཏོང་བར་འཁོར་སློབ་རྣམས་ལ་བོན་གདམས་བཀའ་དྲིན་ཆེ་བསྐྱང་གནང་བ་མ་ཟད་ཐུན་བཞིའི་ཉམས་ལེན་ལ་བརྩོན་པར་བསྐུལ་བ་ལྟར་ཡེ་ཤེས་འོད་ཟེར་ཁོང་ལ་ཡང་དེ་དང་དེ་འབྲེལ་ཕྱི་ནང་གསང་གསུམ་གྱི་གདམས་ངག་དང་ཉམས་ལེན་རྣམས་བུམ་པ་གང་བྱོའི་
ཚུལ་དུ་ཐོབ།
༡༩༩༤་ལོར་ཁྲི་བརྟན་ནོར་བུ་རྩེའི་འདུ་ཁང་བཞེངས་སྐྲུན་གྲུབ་པ་དང༌། ༧སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་རབ་གནས་རྒྱས་འཚོགས་གནང་བ་དང་འབྲེལ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་བཤད་སྒྲུབ་གཉིས་ཀྱི་མིང་བྱང་དངོས་སུ་དབུ་བརྙེས། དེ་ནས་དགེ་སློང་ཡེ་ཤེས་འོད་ཟེར་ཁོང་སྒྲུབ་གྲྭའི་སྡེ་ཁོངས་སུ་བཞུགས་ཏེ་ལོ་ངོ་ལྔ་དང་ཧྲིལ་པོ་བཞི་ཡི་རིང་དུ་སྒྲུབ་གྲྭའི་ཉིན་རེའི་དུས་ཚོད་རེའུ་མིག་ལྟར་ཁྲིད་སྦྱོང་དང༌། བློ་སྦྱོང༌། རྩ་རླུང་དང་མུན་མཚམས། སྦྱིན་བཞིའི་དགེ་སྦྱོར་བཅས་ལ་ཆགས་མེད་བརྩོན་མཐར་༡༩༩༩།ལོར་སྒྲུབ་གྲྭ་མཐར་ཕྱིན་ཏེ་”གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་”བའི་མཚན་གནས་བཞེས། དེ་ཡང་དགེ་བྱེད་པར་ལྡན་དགོས་པའི་ཆ་རྐྱེན་གཙོ་བོ་དབང་ལུང་ཁྲིད་གསུམ་གྱི་རྒྱུད་པ་དང་ལྡན་ཞིང༌། ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་ཆད་མེད་དུ་བསྒྲུབ་རྒྱུ་བྱུང་ཡོད་པ་རྣམས་རང་གིས་བྱས་བསགས་ཀྱི་དགེ་རྩ་རླབས་པོ་ཆེ་ཞིག་ཡིན་པས་འདིར་དེ་དག་གི་བཤེར་ཐོ་དགོད་པར་དགོས་པ་མཆིས་སོ།
།མདོར་ན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཆགས་བཏབས་པ་ནས་བཟུང་ད་བར་༢༠༡༢་སྒྲུབ་ཁང་ལྷ་མཆོད་ཀྱི་ལས་འགན་ཁུར་དུ་བཞེས་ཏེ་བསང་གསོལ་ཁའི་དབྱངས་རྟ་རྒྱུན་ཆད་མྱོང་མེད་ལ། དད་ལྡན་རྣམས་ཀྱི་རེ་འདོད་བཞིན་རྐྱེན་གེགས་སེལ་གྱི་རིམ་གྲོ་འཕྲིན་བཅོལ་ལྷག་མྱོང་མེད་པ་མ་ཟད་འབུལ་སྣེ་དངུལ་རྫས་ཕྲན་བུ་བྱུང་བ་རྣམས་ཕྱོགས་གཅིག་ཏུ་བསགས་ནས་ལོ་བསྟར་གྲྭ་ཚང་ལ་འགྱེད་མང་ཇ་དང༌། ༧སྐྱབས་རྗེ་མཁན་སློབ་རྣམ་པའི་སྐུ་རིམ་ཞབས་བརྟན་གྱི་ཆེད་དུ་བཏང་རག་མཆོད་འབུལ་བྱེད་ཀྱིན་ཡོད། དེ་བཞིན་༧སྐྱབས་རྗེ་ཡོངས་འཛིན་མཆོག་གི་བཀའ་སློབ་ལམ་སྟོན་དང༌། ཐུགས་ཀྱི་དགོངས་པ་ལས་དུས་ནམ་ཡང་མི་འདའ་བར་གང་ལ་གང་དགོས་ཀྱི་གཞོགས་འདེགས་གནང་བཞིན་དགའ་སྐྱིད་དང་ལྡན་པའི་ངང་དགེ་སྦྱོར་བའི་ཚུལ་བཟུང་སྟེ་གྲྭ་རྐྱང་གི་འཚོ་བ་བསྐྱལ་རྒྱུ་བྱུང་བ་ནི་སྐུ་ཚེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན། ཡིན་ནའང༌། དམ་པ་རི་ཁྲོད་པའི་ཞལ་ནས། “འདུས་བྱས་ཐམས་ཅད་མི་རྟག བྱས་པ་ཐམས་ཅད་འཇིགས། སྐྱེས་པ་ཐམས་ཅད་འཆི། དེའི་དབང་གིས་བདག་གི་གཟུགས་ཀྱི་ཕུང་པོ་འདི་ཡང་རྒྱུ་ལས་སྐྱེས་པས་ད་རྐྱེན་གྱིས་འཇིག་པ་འདུག དེ་བདག་གཅིག་པུ་ལ་བྱུང་བ་མ་ཡིན་སེམས་ཅན་ཐམས་ཅད་འདིའི་རང་བཞིན་ཅན་ང་ག་འདྲ་བ་ཀུན་ལ་འོང་བ་ཡིན་པས” ཞེས་གསུངས་པ་ལྟར་ཁོང་ལ་ཡང་འདི་ལོར་བསྙུན་གཞི་ལྕི་མོ་ཞིག་ཕོག་སྟེ་ནམ་རྒྱུན་གྱི་སྒྲུབ་མཆོད་ཁག་ལ་ཕེབས་རྒྱུར་ཅུང་འོ་བརྒྱལ་དང་དཀའ་ཚེགས་འདུག་ཟེར། དེ་ནས་༧སྐྱབས་རྗེ་མཁན་རིན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་འགོ་འདོན་ལམ་སྟོན་གནང་བ་མ་ཟད་སྐུ་ཆེད་ཕེབས་ཀྱིས་བལ་ཡུལ་དང༌། རྒྱ་གར་སོགས་སྨན་ཁང་ཆེ་ཁག་ནང་བརྟག་དཔྱད་དང་སྨན་བཅོས་གང་གཟབ་གནང་ཞིང་མཆེད་གྲོགས་རྣམས་ཀྱིས་གཡོག་སྐྱོར་རོགས་འདེགས་གང་དགོས་གནང་ཡོད་ཀྱང་བྲུ་རྒྱལ་གྱི་ཞལ་ནས”དུས་ལ་བབ་ཚེ་གང་གིས་མི་སྡོང་ན”ཞེས་པ་ལྟར་མཐར་ཕྱི་ཟླ་༠༤།པའི་ཕྱི་ཚེས་༢༧།ཞོགས་ཀའི་འཁོར་དུས་བཅུ་པ་ཙམ་གྱི་ཐོག་དགོངས་པ་བོན་དབྱིངས་སུ་ཐིམ་འདུག དེའི་ཕྱིར་ཁོང་ལ་མྱ་ངན་གདུང་སེམས་ཞུ་ཕྱིར་རྗེས་དྲན་གྱི་ཆེད་དུ་རྣམ་ཐར་མདོར་བསྡུས་འདི་ཉིད་ཁོ་བོ་གངས་ཟླས་༢༠༡༢།༠༤།༢༩།ཉིན་སུག་བྲིས་སུ་བྱས་སོ།། 

།ཁྱེད་ཉིད་ཕྱི་མར་བཞུད་པ་སྔ་དྲགས་ཀྱང༌།
།གང་ལ་ཕངས་སེམས་ཆགས་ཞན་མེད་གྱུར་ན།
 
།དེ་ནི་དམ་པའི་རྣམ་ཐར་ཡིན་གྱུར་པས།
།ཐུགས་ཉིད་བདེ་བར་བཞུད་ཅེས་གྱེས་ཕྱག་ཞུ།

Brak komentarzy:

Prześlij komentarz